《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年02月06日

རང་ལྗོངས་ཀྱིས་གཙོ་གནད་ཐོན་ལས་དང་དམངས་གཉེར་ཁེ་ལས་ཀྱིས་ཤེས་ལྡན་པ་གདན་འདྲེན་པར་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་བཟོས་ནས་བཏོན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་4ཉིན་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པས་རང་སྐྱོང་ལྗོངས་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཤེས་ལྡན་པ་སྟོབས་ཆེའི་ལྗོངས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱ་ཆེད། རང་སྐྱོང་ལྗོངས་ཀྱིས་གཙོ་གནད་ཐོན་ལས་དང་དམངས་གཉེར་ཁེ་ལས་ཀྱིས་ཤེས་ལྡན་པ་གདན་འདྲེན་པར་རྒྱབ་སྐྱོར་དང་སྐུལ་མ་གཏོང་རྒྱུའི་སྐོར་གྱི་ཞིབ་ཕྲའི་བྱེད་ཐབས་བཟོས་ནས་བཏོན་ཏེ། ཐོན་ལས་དང་ཤེས་ལྡན་པ་མཉམ་འདྲེས་དང་མཐུན་སྦྱོར་གསར་གཏོད་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་པ་རེད།

དམངས་གཉེར་ཁེ་ལས་ཀྱི“ཤེས་ལྡན་པ་གདན་དྲངས་ནས་ཁེ་ལས་སྟོབས་ཆེར་གཏོང་བའི”བྱ་སྤྱོད་ལག་བསྟར་བྱེད་དགོས་ཤིང་། ཁེ་ལས་ཀྱིས་རིམ་པ་མཐོ་བའི་ཤེས་ལྡན་པ་གདན་འདྲེན་པར་རྒྱབ་སྐྱོར་བྱས་ཏེ། རང་སྐྱོང་ལྗོངས་ཀྱི་ཤེས་ལྡན་པ་གདན་འདྲེན་པའི་གཏན་འབེབས་དང་མཐུན་པ་དང་། ཆེད་སྒྲུབ་དང་གདན་འདྲེན་མཉམ་འཛིན། ཁེ་ལས་དང་ལོ་5ཡན་གྱི་ལས་ཀའི་གྲོས་མཐུན་བཞག་པ་བཅས་ཀྱི་རིམ་པ་མཐོ་བའི་ཤེས་ལྡན་པར་ཆ་མཚོན་ན། རང་སྐྱོང་ལྗོངས་ཀྱི་རིམ་པ་མཐོ་བའི་ཤེས་ལྡན་པ་གདན་འདྲེན་པའི་སྲིད་ཇུས་གཞིར་བཟུང་། གཞིས་ཆགས་གྲོན་དངུལ་གྱི་ཁ་གསབ་དང་རྣམ་གྲངས་གྲོན་དངུལ་གྱི་ཁ་གསབ་ཐེངས་གཅིག་ལ་སྤྲོད་དགོས། གདན་དྲངས་པའི་རྒྱལ་ཡོངས་ཀྱི་སློབ་ཆེན་རྩེ་གྲའམ་ཡང་ན་རིག་ཚན་རྩེ་གྲ་ནས་ཐོན་པ་དང་དེ་བཞིན་འཛམ་གླིང་སློབ་ཆེན་གྱི་ཨང་རིམ་མདུན་གྲལ་གྱི་མཐོ་སློབ་རབ་འབྱམས་ཞིབ་འཇུག་སློབ་མ་500ལ་རང་སྐྱོང་ལྗོངས་ཀྱིས་ལོ་5བསྟུད་མར་ཟླ་རེར་འཚོ་བའི་ཁ་གསབ་སྒོར་1000རེ་སྤྲོད་དགོས་པ།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ཁེ་ལས་ཀྱིས་གསར་གཏོད་རྣམ་པའི་ཤེས་ལྡན་པ་གདན་འདྲེན་པར་གཞིས་ཆགས་པའི་གྲོན་དངུལ་དང་ཚན་རིག་ཞིབ་འཇུག་བྱེད་འགོ་ཚུགས་པར་སྤྲད་པའི་གྲོན་དངུལ་སོགས་ཁྲིམས་ལྟར་ཐོན་སྐྱེད་མ་གནས་ཀྱི་ཞིབ་རྩིས་ནང་བཅུག་ཆོག “གཉིས་འགུགས་གཉིས་འདྲེན”གྱི་ལས་དོན་གཏིང་ཟབ་སྤེལ་དགོས་ཤིང་། གྲོང་ཁྱེར(ས་ཁུལ)ཁག་དང་བོད་དང་མཚོ་སྔོན་བཟོ་ལས་ཁུལ་གྱིས་རང་སྐྱོང་ལྗོངས་ཀྱི་གཙོ་གནད་ཐོན་ལས་དང་ཤུགས་རྒྱག་ས་གཙོ་བོར་དམིགས་ནས་འགག་རྩའི་ལྟེ་བའི་ལག་རྩལ་ཁོང་དུ་ཆུད་པའི་ལས་རིགས་ཀྱི་སྣེ་ཁྲིད་ཤེས་ལྡན་པ་གདན་དྲངས་ཏེ་ཚོགས་པ་དང་། རྣམ་གྲངས། ལག་རྩལ། མ་དངུལ་བཅས་ཁྱེར་ནས་གླིང་ཁུལ་དུ་ཁེ་ལས་འཛུགས་པ་དང་གསར་གཏོད་ལས་གཏོད་བྱེད་པར་རྒྱབ་སྐྱོར་བྱེད་དགོས།

དམངས་གཉེར་ཁེ་ལས་ཀྱི་ཤེས་ལྡན་པ་གསོ་སྐྱོང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། ཁེ་ལས་ཀྱི་ཆ་རྐྱེན་འཛོམས་པའི་འོས་མིར་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ཤེས་ལྡན་པའི་འཆར་གཞི(རྣམ་གྲངས)སྣ་ཚོགས་རེ་ཞུ་བྱེད་པར་རྒྱབ་སྐྱོར་བྱེད་དགོས། “ཇོ་རིའི་ཤེས་ལྡན་པའི”འཆར་གཞིའི་འབྲེལ་ཡོད་ཆེད་དོན་ནང་དམངས་གཉེར་ཁེ་ལས་ཀྱི་ཕུལ་བྱུང་ཤེས་ལྡན་པར་རེ་ཞུའི་དམིགས་ཚད་ལོགས་སུ་བཟོས་ནས་ཁེ་ལས་ཀྱི་ཕུལ་བྱུང་ཤེས་ལྡན་པས་ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་ཤེས་ལྡན་པ་དང་། ཚན་རྩལ་ལས་གཏོད་ཀྱི་སྣེ་ཁྲིད་ཤེས་ལྡན་པ། བཟོ་སྐྲུན་ལག་རྩལ་གྱི་སྣེ་ཁྲིད་ཤེས་ལྡན་པ་སོགས་ཆེད་དོན་རྣམ་གྲངས་རེ་ཞུ་བྱེད་པར་སྐུལ་མ་གཏོང་དགོས། ཁེ་ལས་ཀྱི་ཚན་རིག་ཞིབ་འཇུག་གི་རྐང་འཛིན་གཞོན་དར་པ་དང་འཕྲལ་མཁོ་ཆེ་བ་དང་དཀོན་རིགས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་པས“ནུབ་རྒྱུད་ཀྱི་གཟི་འོད”དང“བོད་ཀྱི་དམིགས་བསལ་གསོ་སྐྱོང”སོགས་ཤེས་ལྡན་པའི་གསོ་སྐྱོང་རྣམ་གྲངས་ཤར་རྒྱུད་དང་དབུས་རྒྱུད་ས་ཁུལ་གྱི་མཐོ་སློབ་དང་། ཚན་རིག་ཞིབ་འཇུག་ཁང་། ཁེ་ལས་བཅས་སུ་འཚམས་འདྲི་སློབ་སྦྱོང་དང་ཞིབ་འཇུག་སྦྱོང་བརྡར་བྱ་རྒྱུའི་རེ་ཞུ་བྱེད་ཆོག ཁེ་ལས་ལ་ཤེས་ལྡན་པ་གདན་འདྲེན་དང་འདུ་འཛོམས་བྱེད་པའི་ལས་སྟེགས་སྐྲུན་པར་རྒྱབ་སྐྱོར་བྱེད་དགོས་ཤིང་། ཁེ་ལས་སུ་ཡོན་ཧྲི་ལས་དོན་ས་ཚིགས་གསར་དུ་སྐྲུན་སྐབས་འགོ་འཛུགས་མ་དངུལ་སྒོར་ཁྲི་100ཐེངས་གཅིག་ལ་སྤྲོད་དགོས་པ་དང་། མཆོག་རམས་པའི་ཚན་ཞིབ་ལས་དོན་ས་ཚིགས་གསར་དུ་སྐྲུན་སྐབས་འགོ་འཛུགས་མ་དངུལ་སྒོར་ཁྲི་50ཐེངས་གཅིག་ལ་སྤྲོད་དགོས་པ། ཁེ་ལས་ལ་རང་བརྟེན་ངང་མཐོ་སློབ་དང་ཚན་རིག་ཞིབ་འཇུག་ཁང་དང་མཉམ་ལས་བྱས་ནས་ཞིབ་འཇུག་གསར་སྤེལ་ལས་སྟེགས་འཛུགས་པར་ལྕག་སྐུལ་དང་རྒྱབ་སྐྱོར་བྱས་ཏེ་ཚན་རྩལ་འགག་སྒྲོལ་དང་ཚན་རིག་ཞིབ་འཇུག་གི་ཤེས་ལྡན་པ་གདན་འདྲེན་པ་དང་། གྲུབ་འབྲས་འབུར་དུ་ཐོན་པ་། ཆ་རྐྱེན་དང་མཐུན་རིགས་རང་སྐྱོང་ལྗོངས་ཀྱི་ཚན་རིག་ཞིབ་འཇུག་གསར་གཏོད་ལས་སྟེགས་ཀྱི་གོ་རིམ་ནང་བཅུག་ནས་འབྲེལ་ཡོད་སྲིད་ཇུས་ལྟར་རྒྱབ་སྐྱོར་གྲོན་དངུལ་མང་་ཤོས་ལ་སྒོར་ཁྲི་500སྤྲོད་དགོས།

དམངས་གཉེར་ཁེ་ལས་ཀྱི་ཤེས་ལྡན་པའི་ལས་ཀའི་གོ་མིང་དཔྱད་ཞིབ་བྱེད་པའི་ཐབས་ལམ་ཤར་གཏོང་བྱེད་དགོས་ཤིང་། ཁྲོམ་རའི་གདེང་འཇོག་ཕྱོགས་སྟོན་དུ་འཛིན་པའི་ལས་ཀའི་གོ་མིང་དཔྱད་ཞིབ་ཀྱི་ཚད་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་ཀའི་གོ་མིང་དཔྱད་ཞིབ་ཀྱི་ཚད་གཞི་བཟོ་བའི་ནང་དམངས་གཉེར་ཁེ་ལས་ཞུགས་པར་རྒྱབ་སྐྱོར་བྱས་ཏེ་བསྡུར་ཚད་ངེས་ཅན་གྱི་དམངས་གཉེར་ཁེ་ལས་ཀྱི་རིགས་གཅིག་མཁས་ཅན་ཁེ་ལས་དང་འབྲེལ་བ་ཡོད་པའི་ལས་ཀའི་གོ་མིང་དཔྱད་ཞིབ་ཨུ་ཡོན་ལྷན་ཁང་དང་རིགས་གཅིག་མཁས་ཅན་གྱི་མཛོད་ནང་བསྡུ་ལེན་བྱེད་དགོས། ཆ་རྐྱེན་ལྡན་པའི་ལས་ཀའི་གོ་མིང་རབ་དང་རིམ་པས་དམངས་གཉེར་ཁེ་ལས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་པར་ཁེར་རྐྱང་དུ་ཚོགས་ཆུང་བགོ་བ་དང་ཁེར་རྐྱང་དུ་དཔྱད་ཞིབ་བྱེད་པའམ་ཡང་ན་དམངས་གཉེར་ཁེ་ལས་ལ་ཆེད་དོན་དཔྱད་ཞིབ་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུར་ལྕག་སྐུལ་བྱེད་དགོས། ཆེད་ལས་ལག་རྩལ་ཤེས་ལྡན་པ་མང་བ་དང་། ལག་རྩལ་སྟོབས་ཤུགས་ཅུང་ཆེ་བ། ནང་ཁུལ་དོ་དམ་ཚད་དང་ལྡན་པ་བཅས་ཀྱི་དམངས་གཉེར་ཁེ་ལས་ལ་ལས་ཀའི་གོ་མིང་དཔྱད་ཞིབ་ཨུ་ཡོན་ལྷན་ཁང་བཙུགས་ནས་རང་བརྟེན་དཔྱད་ཞིབ་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ཚན་རིག་ཞིབ་འཇུག་གི་ཤེས་ལྡན་པ་ཁེ་ལས་ལ་འགྲོ་སྐྱོད་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ཚན་རིག་ཞིབ་འཇུག་ཤེས་ལྡན་པ་ཁེ་ལས་ལ་རང་མོས་ངང་འགྲོ་སྐྱོད་བྱེད་པའི་བགྲོད་ལམ་བཏོད་ནས། མཐོ་སློབ་དང་ཚན་རིག་ཞིབ་འཇུག་ཁང་གི་ཚན་རིག་ཞིབ་འཇུག་ཤེས་ལྡན་པས་རང་ཉིད་དང་གནས་ཡུལ་གྱི་ཚོགས་པའི་ཚན་རྩལ་གྲུབ་འབྲས་སྤྱད་དེ་ལས་འགན་གཅིག་ལྕོགས་ཁུར་བ་དང་། ཁེ་ལས་སུ་གནས་སྦྱར་སྦྱོང་བརྡར་བྱེད་པ། ཁེ་ལས་དང་རྣམ་གྲངས་མཉམ་ལས་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་ནས་ཁེ་ལས་སུ་གསར་གཏོད་ལས་གཏོད་བྱས་ཏེ་དེ་མཚུངས་ཀྱི་ཐོབ་ཆའམ་གྲུབ་འབྲས་དག་ཕན་འབྲས་ལ་སྒྱུར་བ་དང་། གསར་གཏོད་ལས་གཏོད་བྱེད་རིང་ཐོབ་པའི་གྲུབ་འབྲས་དག་ཁོང་ཚོའི་ལས་ཀའི་གོ་མིང་དཔྱད་ཞིབ་དང་། ལས་གནས་གདན་ཞུས་སྐུལ་སྤྱོད། དཔྱད་ཞིབ་བྱ་དགའ་སོགས་ཀྱི་གཞི་འཛིན་ས་གལ་ཆེན་དུ་བརྩིས་ཆོག

གཞན་ཡང་ད་དུང་དངུལ་རྩས་ཁེ་ལས་ཀྱི་ཤེས་ལྡན་པའི་གསར་གཏོད་ལས་གཏོད་ལ་རྒྱབ་སྐྱོར་བྱེད་པ་དང་། ཤེས་ལྡན་པ་གདན་འདྲེན་པའི་ཞབས་ཞུ་འགན་ལེན་ཡག་པོ་བྱེད་པ། ཁེ་ལས་ཀྱི་ཤེས་ལྡན་པར་གཟེངས་བསྟོད་དང་སྐུལ་ལྕག་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཞིབ་ཕྲའི་བྱེད་ཐབས་ཀྱང་ཡོད་པ་རེད།

བྱེད་ཐབས་ནང་གཙོ་གནད་ཐོན་ལས་ཁེ་ལས་ནི་རིག་གནས་ཡུལ་སྐོར་དང་། ནུས་རྒྱུ་གཙང་མ། ལྗང་མདོག་བཟོ་ལས། དེང་རབས་ཞབས་ཞུ། ས་མཐོའི་ཁྱད་ལྡན་ཞིང་འབྲོག བོད་ཀྱི་གསོ་བ་རིག་པ། མཐོ་གསར་གྲངས་འཛིན། མཐའ་མཚམས་ཉོ་ཚོང་གི་ཟོག་འགྲེམས། རྒྱུན་སྤྱོད་མཁའ་འགྲུལ་སོགས་ཁྱབ་ཁོངས་སུ་གཏོགས་པ་མ་ཟད། བོད་དུ་ཡོད་པའི(བོད་དང་མཚོ་སྔོན་གྱི་བཟོ་ལས་ཁུལ་ཚུད་པ)གཞི་ཁྱོན་ཡན་གྱི་ཁེ་ལས་ལ་ཟེར། འབྲེལ་ཡོད་སྲིད་ཇུས་ལག་བསྟར་བྱེད་པར་མཁོ་བའི་མ་དངུལ་དག་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་སྤྱི་འདོམས་ཐག་གཅོད་བྱེད་པ་དང་། རང་སྐྱོང་ལྗོངས་ཀྱིས་ཁེ་ལས་གཅིག་པར་ལོ་ལྟར་ཤེས་ལྡན་པའི་ལས་དོན་ལ་རྒྱབ་སྐྱོར་བྱེད་པའི་གྲོན་དངུལ་རྩ་དོན་ཐོག་ལོ་འཁོར་གོང་མའི་ནོར་སྲིད་ལེགས་སྐྱེས་ཀྱི་60%ལས་བརྒལ་མི་རུང་བ་དང་། མང་ཤོས་སུ་སྒོར་ཁྲི་600ལས་བརྒལ་མི་རུང་བ་ཁ་གསལ་བཏོན་ཡོད། (ཉི་དོན་དང་བདེ་དབང་གིས་སྒྱུར་ཞུས་བྱས)