《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月05日

ཐད་གཏོང་ཟོག་ཚོང་གིས་འབབ་འཕར་ལ་རམ་འདེགས་བྱེད་པ།

——རྒྱ་ཚྭ་རྫོང་སྤང་དགའ་ཐང་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་གིས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པ།

གསར་དུ་བཙུགས་པའི་སྡེ་ཁུལ་ཞིག་གི་ངོས་ནས་རྒྱ་ཚྭ་རྫོང་ངར་རབ་གྲོང་རྡལ་སྤང་དགའ་ཐང་སྡེ་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་དང་མཉམ་སྡེབ་ཀྱི་རྒྱུ་ནོར་ཧ་ཅང་ཉམས་ཞན་ཡིན་པ་མ་ཟད། མཉམ་སྡེབ་ཀྱི་ཐོན་ཁུངས་དེ་བས་ཉམས་ཞན་རེད། དེས་རྐྱེན་པས་སྡེ་ཁུལ་གྱི་ལས་དོན་རུ་མིས“ཞན་པོ་གསུམ”གྱི་གནས་སྟངས་ལ་རྟག་ཏུ་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད།

གནས་སྟངས་དེར་འགྱུར་ལྡོག་གཏོང་ཆེད། སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་གིས“ཉིན་བརྒྱའི་རིང་གྲོང་ཚོ་དང་དུད་ཚང་དུ་བརྟག་ཞིབ་ཆེན་པོ་བྱེད་པར་སྐྱོད་པའི”ལས་དོན་ལ་དམ་པོར་དམིགས་ནས་གྲོང་མི་དང་མཉམ་ཟ་མཉམ་སྡོད་དང་མཉམ་དུ་ངལ་རྩོལ་བྱས་ཤིང་། བཅར་འདྲི་བྱས་པ་བརྒྱུད། ས་གནས་དེ་གའི་ཁྱད་ལྡན་ཐོན་ཁུངས་དབྱར་རྩྭ་དགུན་འབུ་ཐོན་འབབ་མང་ཡང་རིན་གོང་མཐོ་པོ་རག་གི་མེད་པ་དང་བྲིན་ཁའང་རྒྱུག་པོ་མེད་པ་ཤེས་རྟོགས་བྱུང་བ་རེད། དེའི་ཐད་ལས་དོན་རུ་ཁག་གིས“དབྱར་རྩྭ་དགུན་འབུར་བརྟེན་ནས་མང་ཚོགས་དང་མཉམ་སྡེབ་ཀྱི་དཔལ་འབྱོར་གཉིས་ཀ་འཕར་ཐབས་ཇི་ལྟར་བྱེད་པ”དེ་སྡེ་ཁུལ་གྱི་ཡོང་འབབ་མང་དུ་གཏོང་བའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་པ་རེད།

ཁ་བཤད་བྱ་བ་འཕྲལ་དུ་རྩོམ། བརྩམས་པའི་ལས་དེ་ལེགས་པར་སྒྲུབ་ཅེས་པ་ལྟར་ལས་དོན་རུ་ཁག་གི་རུ་མིས་བརྟག་དཔྱད་འདྲི་ཤོག་1900ལྷག་ཙམ་ཁྱེར་ཏེ་དུད་ཚང་དུ་བཅར་འདྲིར་བསྐྱོད་པར་རིན་ཐང་ལྡན་པའི་བསམ་འཆར་130ལྷག་ཙམ་འཚོལ་བསྡུ་ཐུབ་པ་མ་ཟད། ད་དུང་ཚོང་ཁང་ཁག་ལ་བསྐྱོད་ནས་སྡེ་ཁུལ་གྱི་དབྱར་རྩྭ་དགུན་འབུའི་ཐོན་འབབ་དང་། བྲིན་ཚད། རིན་གོང་སོགས་ཀྱི་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞི་བསྡུ་རུབ་བྱས་པ་རེད། གཞན་ཡང་ལྷ་ས་དང་ལྷོ་ཁའི་དབྱར་རྩྭ་དགུན་འབུའི་ཁྲོམ་རར་བརྟག་ཞིབ་བྱས་རྗེས་སྡེ་ཁུལ“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་གྲོས་བསྡུར་ཐེངས་མང་བྱས་ཏེ། སྤང་དགའ་ཐང་སྡེ་ཁུལ་གྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཐད་གཏོང་ཁང་འཛུགས་རྒྱུའི་ཐག་བཅད། “དྲ་སྦྲེལ+”གྱི་བྱ་ཐབས་ལ་བརྟེན་ནས་དབྱར་རྩྭ་དགུན་འབུའི་ཚོང་ལམ་ཤར་བགྲོད་ཐུབ་པར་བྱས་ཏེ་སྡེ་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་བྱས་པ་རེད།

བེད་མེད་དུ་ལུས་པའི་ས་ཆར་ཐད་གཏོང་ཁང་བཟོས་ཤིང་། ལས་དོན་རུ་ཁག་གིས་རང་འགུལ་ངང་འབྲེལ་ཡོད་ཚན་པ་དང་འབྲེལ་མཐུད་བྱས་ཏེ་རྒྱ་ཚྭ་རྫོང་རིག་གནས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་ཚོམས་ཆེན་དེ་ཁྱད་ལྡན་ཐད་གཏོང་ཁང་དུ་བསྒྱུར་བ་དང་སྦྲགས། ཐད་གཏོང་སྒྲིག་ཆས་དང་། ས་ཆ་བཀོད་སྒྲིག བརྙན་པར་རྒྱབ་ལྗོངས་བཅས་ཀྱི་ཐད་ཇུས་འགོད་ཞིབ་ཚགས་བྱས་པ་རེད།

སྤང་དགའ་ཐང་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་དང་ཧྲུའུ་ཅི་དང་པོ་མིག་དམར་ཚེ་རིང་གིས“མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་ཚད་ཡིན”ཞེས་བཤད་པ་དང་། ཁོང་གིས། ལས་དོན་ཁག་ལ་གྲུབ་འབྲས་བཟང་པོ་ཐོབ་མོད། འོན་ཀྱང་རྩ་འཛུགས་ཀྱི་བླང་བྱ་དང་མང་ཚོགས་ཀྱི་རེ་སྒུག་དང་བསྡུར་ཚེ་ད་དུང་ཡང་ཧེ་བག་དང་མི་འདང་ས་ཡོད་པ་ཤེས་རྟོགས་ཟབ་མོ་བྱུང་། གོམ་སྟབས་རྗེས་མའི་ལས་དོན་ཁྲོད་ང་ཚོས་མུ་མཐུད་འབད་བརྩོན་དང་། བློ་བརྟན་འགྱུར་མེད། དཔའ་ངར་ཆེར་སྐྱེད། ལས་སྒྲུབ་ཀྱི་སྤྲོ་སེམས་ཆེན་པོ། དངོས་སྒྲུབ་ཀྱི་ལས་ཀ་བྱ་ཐབས་བཅས་ལ་བརྟེན་ནས་སྤང་དགའ་ཐང་སྡེ་ཁུལ་གྱི་གྲོང་མིར་དེ་བས་བདེ་སྐྱིད་དང་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་ཞིག་སྐྱེལ་རྒྱུ་ཡོང་བ་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།

(པ་ཚེས་བསྒྱུར། པ་ཚེ་དང་པད་ཆོས་ཀྱིས་ཞུས)