《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年02月05日

གོས་དཀར་ལྷ་རྗེའི་ཟོལ་མེད་ཀྱི་བརྩེ་སེམས་བོད་ལ་བཅངས།

——ཀོང་ཏུང་བོད་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་གྱིས་ཉིང་ཁྲིར་སྤྱི་ཕན་གཤགས་བཅོས་བྱས་པ།

འདི་ནི་ད་ཐེངས་ཀྱི་རུས་ཚིགས་བརྗེ་བའི་གཤགས་བཅོས་ཀྱི་སྨན་བཅོས་རོགས་སྐྱོབ་སྤྱི་ཕན་རྣམ་གྲངས་ནང་ཞུགས་མཁན་སྨན་དོན་མི་སྣས་དྲན་རྟེན་པར་རྒྱག་བཞིན་པ།

ལྷོ་ཕྱོགས་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་གསུམ་པའི་ཡོན་ཀྲང་ལི་ཁྲེང(གཡས་ཀྱི་གཉིས་པ)གིས་ནད་པའི་Xགློག་པར་ལ་ལྟ་བཞིན་པ།

སྨན་སྦྱོར་ཆེ་མོ་བ་རེན་ཅང་ཏུང(གཡས་ཀྱི་གསུམ་པ)གིས་རུས་ཚིགས་བརྗེ་བའི་གཤགས་བཅོས་བྱས་རྗེས་ཀྱི་ནད་པ་དང་དྲན་རྟེན་པར་རྒྱག་བཞིན་པ།

བོད་ལྗོངས་ས་མཐོའི་རུས་ཚིགས་ནད་འགོག་བཅོས་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་ཆེད། ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་གིས་ལྷོ་ཕྱོགས་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་གསུམ་པ(ཀོང་ཏུང་ཞིང་ཆེན་རུས་ཚན་སྨན་ཁང)ཡིས་འཐུས་ཚབ་བྱས་པའི་ཀོང་ཏུང་ཞིང་ཆེན་གྱི་ཀ་པ་རིམ་པ་གསུམ་པའི་སྨན་ཁང་ཆེ་གྲས་དང་ཀོང་ཏུང་ཞིང་ཆེན་ལུས་གསོ་བདེ་ཐང་དགེ་སྒྲུབ་ཐེབས་རྩ་ལྷན་ཚོགས་དང་མཉམ་དུ་རུས་ཚིགས་བརྗེ་བའི་གཤགས་བཅོས་ཀྱི་སྤྱི་ཕན་རྣམ་གྲངས་ཧུར་ཐག་སྤེལ་ཞིང་། ཉུང་མཐར་ཡང་རུས་ཚིགས་ནད་ཕོག་པའི་ནད་པ་100ཙམ་ལ་རིན་མེད་སྨན་བཅོས་བྱེད་རྩིས་ཡོད་པ་དང་། སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་དང་སྤྱི་ཕན་བརྩེ་སེམས་ས་མཐོའི་ནད་པར་འཆང་རྒྱུ་རེད།

རྣམ་གྲངས་བདེ་བླག་ངང་ལེགས་འགྲུབ་བྱ་ཆེད། ཀྲང་རུང་ཁའེ་དང་། ཀྲའོ་ཁྲང་། རེན་ཅང་ཏུང་། ཝུའུ་ཀུའེ་ཆིན་བཅས་བོད་སྐྱོར་ལས་འགན་མཇུག་འགྲིལ་ནས་ཀོང་ཏུང་དུ་ལོག་པའི་རུས་ནད་ཚན་ཁག་གི་ཕུལ་བྱུང་རིགས་གཅིག་མཁས་ཅན་བཞི་གངས་ལྗོངས་ས་མཐོར་བརྩེ་བ་ཟབ་མོ་འཆང་བཞིན་སླར་ཡར་ཉིང་ཁྲིར་སྔ་རྗེས་སུ་ཡོང་ནས་བོད་ཀྱི་མང་ཚོགས་ཀྱི་བདེ་ཐང་ལ་མུ་མཐུད་སྟོབས་ཤུགས་ལེགས་སྐྱེས་འབུལ་བཞིན་ཡོད།

རིགས་གཅིག་མཁས་ཅན་བཞི་ཡི་བོད་སྐྱོར་ལས་འགན་མཇུག་འགྲིལ་ཡང་བོད་ལ་སེམས་ཁུར་དང་ཉིང་ཁྲིར་བརྩེ་བ་ནམ་ཡང་འཆང་བཞིན་ཡོད། ཉིང་ཁྲིར་བསྐྱར་དུ་སླེབས་རྗེས་ཁོང་ཚོས་འཕྲལ་མར་རུས་ཚིགས་ཀྱི་སྤྱི་ཕན་གཤགས་བཅོས་ནང་ཞུགས་ནས་གཤགས་བཅོས་ཀྱི་བྱ་རིམ་ཞིབ་ཕྲ་ཚོད་འཛིན་ནན་པོ་བྱས་ཏེ། སྨན་བཅོས་ཀྱི་ཕན་འབྲས་ཡག་ཤོས་བརྩོན་ལེན་བྱས་ཡོད། དེས་མ་ཚད་བླ་ན་མེད་པའི་སྨན་བཅོས་ཀུན་སྤྱོད་དང་བྱང་ཆུབ་པའི་སྨན་བཅོས་ལག་རྩལ་ལ་བརྟེན་ནས་ནད་པར་སྨན་བཅོས་ཡག་ཤོས་ཐུབ་པར་བྱས་པས་ནད་པའི་གདེང་འཇོག་བཟང་པོ་དང་སྨན་ཁང་གི་ལས་རོགས་ཚོའི་ཁས་ལེན་ཡག་པོ་ཐོབ་ཡོད།

མིག་སྔར། ལྷོ་ཕྱོགས་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་གསུམ་པས་མུ་མཐུད་སྨན་སྦྱོར་ཆེ་མོ་གཞོན་པ་ཁྲེང་ལེང་བོད་སྐྱོར་ལས་དོན་སྒྲུབ་པར་མངགས་ཤིང་། ཁོང་གིས་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་རུས་ནད་ཚན་ཁག་གི་ཀྲུའུ་རེན་གཞོན་པའི་འགན་འཁུར་བཞིན་ཡོད་པ་དང་། ལོ་གཅིག་ལྷག་ཙམ་འབད་འཐབ་བྱས་པ་བརྒྱུད། སྒལ་རུས་ཀྱི་གཤགས་བཅོས་230ལྷག་ཙམ་བྱས་པ་མ་ཟད། རང་སྐྱོང་ལྗོངས་ཀྱི་སྐེ་ཚིགས་ནང་ཤེལ་གྱི་གཤགས་བཅོས་ཐོག་མ་དང་བྲང་ཚིགས་ནང་ཤེལ་གྱི་གཤགས་བཅོས་ཐོག་མ་གསར་གཏོད་ལྡན་པའི་སྒོ་ནས་བྱས་ཡོད།

བོད་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་ཚོས་མུ་མཐུད་འབད་བརྩོན་བྱས་པ་བརྒྱུད། ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་རུས་ནད་ཚན་ཁག་གི་སྤྱི་ཡོངས་ཀྱི་ལག་རྩལ་འཇོན་ནུས་ཆེ་རུ་ཕྱིན་ནས་ཆེད་ལས་ཚན་ཁག་གི་ཁྱད་ཆོས་ལྡན་པའི་སྤུས་རྟགས་རིམ་བཞིན་ཆགས་ཡོད། མིག་སྔར་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་གི་རུས་ནད་ཚན་ཁག་ཏུ་བོད་ཀྱི་གྲོང་ཁྱེར་དང་ས་གནས་ཁག་དང་ཐ་ན་རྒྱལ་ཡོངས་ས་གནས་ཁག་ནས་ཀྱང་ནད་གཞི་ལྟ་བར་ཡོང་གི་ཡོད།

(རིག་རྡོར་གྱིས་བསྒྱུར། དབང་སྒྲོལ་སྐྱིད་ཀྱིས་ཞུས)