བློ་མཐུན་པའེ་མིང་དང་ཕེང་ཁྲའོ་གཉིས་ནི་2022ལོའི་ཟླ་7པར་རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་ཏང་ཙུའུ་ཡིས་ཀྲུང་དབྱང་རྩ་འཛུགས་པུའི་བོད་སྐྱོར་ལས་བྱེད་པ་ཁག་བཅུ་པར་བདམས་ནས་སྙན་རོང་རྫོང་དུ་ལས་དོན་སྤེལ་བར་མངགས།
རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་སྙན་རོང་རྫོང་ཨུད་དང་རྫོང་སྲིད་གཞུང་དང་མཉམ་དུ་2024ལོའི་བོད་སྐྱོར་རྣམ་གྲངས་ཀྱི་འཆར་འགོད་དང་ཟུང་འབྲེལ་བྱས་ཏེ་སློབ་གསོ་དང་། སྨན་བཅོས། མིའི་འཚོ་སྡོད་ཁོར་ཡུག་བཅས་ཁྱབ་ཁོངས་དང་འབྲེལ་བ་ཡོད་པའི“ཁྲི་སྟོང་རིམ་པའི”ལས་གྲྭ་གསུམ་གཏན་འཁེལ་བྱས། བོད་སྐྱོར་རྣམ་གྲངས་རེར་མ་དངུལ་སྒོར་ཁྲི་སྟོང་ཡན་བཏང་ནས་མི་སེར་རྣམས་འཚོ་བ་དེ་བས་ལེགས་པ་སྐྱེལ་ཐུབ་པར་འབད་ཡོད།
སྙན་རོང་རྫོང་འབྲོག་ཁུལ་གྱི་སློབ་གསོ་ཞན་པའི་གནད་དོན་ཐག་གཅོད་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གསོ་ལེགས་སྒྱུར་དང་དོ་སྙོམས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད། མ་དངུལ་སྒོར་ཁྲི་1360བཏང་ནས་སྙན་རོང་རྫོང་སང་ལུང་ཤང་སློབ་ཆུང་གི་སློབ་སྐྱོར་ཁང་པ་དང་། སློབ་མའི་ཉལ་ཁང་། ལས་བཟོའི་ཉལ་ཁང་། སློབ་མའི་ཟ་ཁང་བཅས་དང་དེ་བཞིན་ལེ་ལག་ཚང་བའི་ལས་གྲྭ་གཞན་དག་གསར་སྐྲུན་བྱས་ཏེ། སྙན་རོང་རྫོང་སང་ལུང་ཤང་སློབ་ཆུང་གི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་བ་དང་གྲོང་གསེབ་དགེ་སློབ་ཀྱི་སློབ་སྦྱོང་དང་འཚོ་བའི་ཆ་རྐྱེན་ལེགས་སུ་བཏང་བ་རེད།
སྙན་རོང་རྫོང་མི་དམངས་སྨན་ཁང་ཕྱི་ནད་ཚན་ཁག་གི་སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་བཀོད་པ་སྔར་བས་ལེགས་སུ་གཏོང་བ་དང་ཕྱི་ནད་ཚན་ཁག་གི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་འཐུས་སྒོ་ཚང་དུ་གཏོང་ཆེད། མ་དངུལ་སྒོར་ཁྲི་1120བཏང་ནས་རྒྱ་ཁྱོན་སྨི་ངོས་གྲུ་2000ཙམ་ཟིན་པའི་དོས་དྲག་ཕྱི་ནད་ཚན་ཁག་གི་ཐོག་ཁང་དང་། ཆུ་འབུད། གློག་ཤུགས། དྲོད་གཏོང་སོགས་ཞོར་གཏོགས་སྒྲིག་བཀོད་གསར་སྐྲུན་བྱས་ཏེ། སྙན་རོང་རྫོང་མི་དམངས་སྨན་ཁང་གི་སྨན་བཅོས་ནུས་ཁུལ་སྔར་བས་འཐུས་སྒོ་ཚང་དུ་བཏང་བ་དང་། རྒྱ་ཆེའི་མང་ཚོགས་ཀྱི་སྨན་བཅོས་ཆ་རྐྱེན་ལེགས་སུ་བཏང་ནས་ས་གནས་དེ་གའི་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་འགན་ལེན་བྱས་ཡོད།
ས་གནས་དེ་གའི་རྨང་གཞིའི་སྒྲིག་བཀོད་དང་མིའི་འཚོ་སྡོད་ཁོར་ཡུག་གི་ཆ་རྐྱེན་ལེགས་སུ་གཏོང་ཆེད། མ་དངུལ་སྒོར་ཁྲི་1000བཏང་ནས་སྙན་རོང་རྫོང་བེ་གཞུང་ཤང་གོང་ཆེན་གྲོང་ཚོར་གྲོང་མིའི་སྡོད་ཁང་90གསར་དུ་བསྐྲུན་ནས་འབྲོག་པའི་འཚོ་བའི་ཆུ་ཚད་མཐོ་རུ་བཏང་བ་རེད།
སློབ་ཆེན་སློབ་མའི་ལས་ཞུགས་གནད་དོན་ཐག་གཅོད་བྱ་ཆེད། བོད་དུ་གྲོང་གསེབ་དར་རྒྱས་ཀྱི་ལས་མི་བསྡུ་བའི་འདུ་ཚོགས་འཚོགས་ནས་ཁྱོན་བསྡོམས་ལས་གནས་150མཁོ་འདོན་བྱས་པ་རེད།
སྙན་རོང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་བོད་སྐྱོར་ལས་དོན་ཚོགས་ཆུང་གི་ཙུང་ཀྲང་པའེ་མིང་གིས“ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ཏེ་ལས་དོན་ཏན་ཏིག་བསྒྲུབས་ནས་མི་དམངས་བློ་ཡིད་ཚིམ་པའི་རྒྱུག་ལན་ཞིག་ཕུལ་ཡོད། ལོ་གཉིས་ལྷག་ཙམ་རིང་། ང་ཚོས་དམངས་འཚོའི་བོད་སྐྱོར་དང་། ཐོན་ལས་བོད་སྐྱོར། རིག་གནས་བོད་སྐྱོར། རིག་ནུས་བོད་སྐྱོར་བཅས་ཀྱི་བོད་སྐྱོར་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། བོད་སྐྱོར་རྣམ་གྲངས་འཛུགས་སྐྲུན་དང་། ཚོང་འགུགས་མ་འདྲེན། མི་རིགས་མཉམ་འདྲེས་སོགས་གཙོ་གནད་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་སྒྲུབ་པ། རང་འགུལ་ངང་འགན་འཁྲི་ཁུར་བ་དང་བྱས་རྗེས་ཧུར་ཐག་འཇོག་པ་བཅས་བྱས་ནས་བོད་སྐྱོར་ལས་དོན་གྱི་ལས་འགན་ཁག་ལེགས་པར་བསྒྲུབས་ཡོད”ཅེས་བཤད།
བོད་སྐྱོར་རྣམ་གྲངས་གང་མགྱོགས་དོན་ཐོག་ཏུ་འཁྱོལ་ཚེ་གཞི་ནས་བོད་སྐྱོར་མ་དངུལ་གྱི་ཕན་འབྲས་གང་མགྱོགས་ཐོན་ཐུབ་པ་དང་དམངས་འཚོ་ལེགས་སུ་ནུས་ལྡན་གཏོང་ཐུབ། པའེ་མིང་དང་ཕེང་ཁྲའོ་ཡིས་ཐོག་མཐའ་བར་གསུམ་དུ“རྟག་ཏུ་བློ་བཟོད་མི་བདེ་བའི”འགན་འཁྲི་འཁུར་སེམས་ཀྱི་ཐོག་ནས་བོད་སྐྱོར་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། སྔ་ཙམ་ཇུས་འགོད་དང་སྔ་ཙམ་བཀོད་སྒྲིག་བྱེད་པ། རྣམ་གྲངས་འཛུགས་སྐྲུན་གྱི་ལས་དོན་ཁག་ཧུར་ཐག་སྒྲུབ་པ། བོད་སྐྱོར་རྣམ་གྲངས་ཁག་གི་ས་ཡུལ་དངོས་སུ་སྐྱོད་པ། བོད་སྐྱོར་རྣམ་གྲངས་ཁག་གི་ས་ཡུལ་དངོས་སུ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་ཐེངས་བརྒྱ་ལྷག་ཙམ་བཅས་བྱས་པས། ལོ་གཉིས་བསྟུད་མར་བོད་སྐྱོར་རྣམ་གྲངས་ལོ་འདིའི་ནང་འགོད་པ་དང་། ལས་མཇུག་འགྲིལ་བ། དོན་ཐོག་ཏུ་འཁྱོལ་བ་བཅས་བྱུང་ཡོད།
2024ལོ་ནི་ཁ་གཏད་བོད་སྐྱོར་བྱས་ནས་ལོ་30འཁོར་བའི་ལོ་ཞིག་ཡིན་ལ། རྒྱལ་ཁབ་ནུས་རྒྱུ་ཚོགས་པས་སྙན་རོང་རྫོང་ལ་རོགས་སྐྱོར་བྱས་ནས་ལོ་22འཁོར་བའི་ལོ་ཞིག་ཀྱང་རེད། 2024ལོའི་ཟླ་12པའི་ཟླ་མཇུག་བར། རྒྱལ་ཁབ་ནུས་རྒྱུ་ཚོགས་པས་སྙན་རོང་རྫོང་ལ་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་7.1བཏང་ནས་བོད་སྐྱོར་རྣམ་གྲངས་300ལྷག་ཙམ་བསྐྲུན་ཡོད་པ་རེད།
(བདེ་དབང་དང་བུ་ཁྲིད་ཀྱིས་སྒྱུར་ཞུས་བྱས)