《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月05日

ཧྥུའུ་ཅན་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་བྱ་ཡུལ་དཔལ་འབར་རྫོང་སློབ་ཆུང་དང་པོའི་སློབ་མའི་ཉལ་ཁང་གསར་པ་སྤྱོད་འགོ་ཚུགས་པ།

ཉེ་ཆར། དཔལ་འབར་རྫོང་སློབ་ཆུང་དང་པོས་སློབ་མའི་ཉལ་ཁང་གསར་པ་སྤྱོད་འགོ་ཚུགས་པའི་མཛད་སྒོ་འཚོགས་ཤིང་། དེས་དཔལ་འབར་རྫོང་གི་སློབ་གསོའི་བྱ་གཞག་ལ་ལེའུ་གསར་པ་ཞིག་བརྩམས་པ་མ་ཟད། མི་རབས་མང་པོའི་ས་མཐོའི་ཕུལ་བྱུང་ཤེས་ལྡན་པ་གསོ་སྐྱོང་བྱེད་པར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

ལོ་རྒྱུས་ལ་ཕྱིར་མིག་བལྟས་ཚེ། དཔལ་འབར་རྫོང་སློབ་ཆུང་དང་པོ་ནི་1965ལོར་བཙུགས་ཤིང་། དེ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་དཔལ་འབར་རྫོང་དུ་བཙུགས་པའི་ཆ་ཚང་སློབ་ཆུང་དང་པོ་དེ་ཡིན། འོན་ཀྱང་། བསྐྲུན་ཡུན་རིང་བ་དང་སློབ་མའི་གྲངས་འབོར་ལོ་རེ་བཞིན་མང་དུ་འགྲོ་བའི་རྐྱེན་གྱིས་དུས་ཡུན་རིང་པོར་སློབ་མའི་ཟ་ཁང་དང་། ཉལ་ཁང་། སློབ་ཁྲིད་ཐོག་ཁང་སོགས་རྨང་གཞིའི་སྒྲིག་བཀོད་ཆ་མི་ཚང་བ་དང་། རྒྱ་ཆུང་བ། སྒྲིག་ཆས་རྙིང་པ་ཆགས་པ་སོགས་ཀྱི་གནད་དོན་མང་པོ་འཕྲད་དེ། སློབ་མ་མང་པོ་ཚང་ཁ་བརྒྱབ་ནས་ཉལ་དགོས་པ་དང་ཁ་ལག་ཁག་བགོས་ནས་སྟེར་དགོས་ཀྱི་ཡོད།

གནས་ཚུལ་དེར་རྦད་དེ་འགྱུར་ལྡོག་གཏོང་ཆེད། ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པའི་དཔལ་འབར་ལས་དོན་ཚོགས་ཆུང་གིས་བརྟག་ཞིབ་གཏིང་ཟབ་བྱས་པའི་རྨང་གཞིའི་ཐོག སློབ་གྲྭ་བསྐྱར་སྐྲུན་རྒྱས་སྐྲུན་བྱེད་པའི་རྣམ་གྲངས་དེ་བོད་སྐྱོར་གྱི་གཙོ་གནད་ལས་དོན་ནང་བཅུག་པ་དང་། ས་གནས་ཀྱི་དོན་དངོས་གནས་ཚུལ་དང་སློབ་ཁྲིད་ཀྱི་དགོས་མཁོ་ཟུང་འབྲེལ་དམ་ཟབ་བྱས་ནས། ཧྥུའུ་ཅན་ཞིང་ཆེན་གྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་གཞི་ནས་མ་དངུལ་སྒོར་ཁྲི་2240དང་། རང་སྐྱོང་ལྗོངས་ཀྱི་ཆེད་དོན་ཁ་གསབ་མ་དངུལ་སྒོར་ཁྲི་1790 ཧྥུའུ་ཅན་ཞིང་ཆེན་གྱི་འཆར་གཞིའི་ཁོངས་སུ་མི་གཏོགས་པའི་མ་དངུལ་སྒོར་ཁྲི་500བཅས་བརྩོན་ལེན་ཧུར་ཐག་གིས་སློབ་གྲྭ་ཁྱོན་ཡོངས་སུ་སྒྱུར་བཀོད་བྱས་ཏེ་དེང་རབས་ཅན་དང་། བྱེད་ནུས་ཅན། གྲངས་འཛིན་ཅན་བཅས་ཀྱི་སློབ་ཁུལ་གསར་པ་ཞིག་ནུས་ཤུགས་ཡོད་རྒུས་བསྐྲུན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་བསྐྱར་སྐྲུན་རྒྱས་སྐྲུན་ལ་མ་དངུལ་ཁྱོན་བསྡོམས་སྒོར་ཁྲི་4530བཏང་བར་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་8904ཟིན་ནས་སློབ་ཁྲིད་ཐོག་ཁང་དང་། བུའི་ཉལ་ཁང་། འཁྲུད་ཁང་། ཟ་ཁང་། ཞོར་གཏོགས་ལེ་ལག་ཚང་བའི་སྒྲིག་བཀོད་བཅས་གསར་དུ་བརྒྱབ་པའི་ནང་། བུའི་ཉལ་ཁང་གསར་པ་37ཡོད་པར་སློབ་མ་444ཤོང་བ་དེ་རྒྱས་སྐྲུན་མ་བྱས་གོང་ལས་ཉལ་ཁྲི་204མང་དུ་ཕྱིན་པ། ཚད་ལྡན་སློབ་ཁང་16དང་། གཞུང་ལས་ཐོག་ཁང་3 ཚོགས་ཁང་1བཅས་མང་དུ་སོང་ལ་སློབ་མའི་གྲངས་ཚད་1200བར་ཟིན་པ་དང་། སློབ་མའི་ཟ་ཁང་གསར་པར་དུས་གཅིག་ལ་མི་900ཡིས་ཁ་ལག་བཟའ་ཆོག་གི་ཡོད་པ་རེད།

དཔལ་འབར་རྫོང་སློབ་གསོ་ཅུས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་ཚེ་སྐྱིད་སྒྲོལ་དཀར་གྱིས། “རྣམ་གྲངས་བསྐྲུན་ཟིན་རྗེས། སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས་རྫོང་ཡོངས་ཀྱི་སློབ་གསོ་དེང་རབས་ཅན་དང་། ཚད་ལྡན་ཅན་འཕེལ་རྒྱས་ཀྱི་དཔེ་མཚོན་སྣེ་ཁྲིད་ཀྱི་སློབ་གྲྭ་ཞིག་ཏུ་གྱུར་ཡོད”ཅེས་བཤད། (པ་སངས་ཚེ་རིང་གིས་བསྒྱུར། ཕུར་སྒྲོན་དང་པ་ཚེས་ཞུས)