《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月05日

ནག་ཆུ་གྲོང་ཁྱེར་མཐའ་སྣེའི་ས་མཐོའི་ཏང་དམངས་ཞབས་ཞུའི་ས་ཚིགས་ཀྱི“ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བའི་ཁྱིམ་ཚང”གིས།

ཁ་ལོ་བ་ཚོར་སེམས་རྩ་འཁོལ་པོས་ཞབས་འདེགས་ཞུས་པ།

དཔྱིད་གསར་འཆར་བས་ནག་ཆུ་གྲོང་ཁྱེར་གྱི་ཚོང་ཁང་ཚང་མ་སྒོ་བརྒྱབ་ཡོད། འོན་ཀྱང་རྒྱལ་ལམ་109ཡི་འགྲམ་དུ་ཡོད་པའི“ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བའི་ཁྱིམ་ཚང”གིས་སྔར་བཞིན་ཁ་ལོ་བ་ཚོར་ཞབས་འདེགས་ཞུ་བཞིན་ཡོད།

“དཔྱིད་གསར་དུས་ཆེན་ལ་ཁྱེད་ཚོ་ལོ་གསར་གཏོང་བར་འགྲོ་མཁན་མིན་ནམ” “འདི་གར་ཡང་ང་ཚོའི་ཁྱིམ་ཚང་ཡིན། ང་ཚོས་ཉིན་ལྟར་སྡེ་ཁུལ་གྱི་ལས་དོན་པ་གཅིག་དང་སྡེ་ཁུལ་གྱི་ཏང་ཡོན་གཅིག་ཁྱིམ་ཚང་དུ་སྡོད་བྱ་བྱས་ནས་ཁ་ལོ་བ་ཚོར་ཞབས་འདེགས་ཞུ་གི་ཡོད། དཔྱིད་གསར་དུས་ཆེན་རིང་། ང་ཚོས་སྔར་བཞིན་རེས་གཟའ་ཟླ་བ་ནས་རེས་གཟའ་ཉི་མའི་བར་སྒོ་ཕྱེ་གི་ཡོད”ཅེས་དར་དམར་སྡེ་ཁུལ་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་བསོད་ནམས་ཚེ་རིང་གིས་དེ་ལྟར་བཤད།

བོད་ཀྱི་བྱང་སྒོ་ཆེན་པོ་ཡིན་པའི་ནག་ཆུ་ནི་བོད་ཀྱི་ཕྱིར་གཏོང་ནང་འདྲེན་དངོས་ཟོག་བསྡུ་འགྲེམས་བྱ་ཡུལ་གལ་ཆེན་ཞིག་ཡིན་ལ། བོད་ཀྱི་དངོས་ཟོག་70%རྒྱལ་ལམ་109ནས་དབོར་འདྲེན་བྱེད་ཀྱི་ཡོད།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)

“‘ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བའི་ཁྱིམ’ནི་2024ལོའི་ཟླ་9པར་སྤྱོད་འགོ་ཚུགས་པ་དང་། ངལ་གསོ་དང་། རོལ་རྩེད། ཆ་འཕྲིན་སྤེལ་རེས་བཅས་གཞི་གཅིག་ཏུ་འདུས་ཡོད” བསོད་ནམས་ཚེ་རིང་གིས་གསར་འགོད་པ་ཉིས་ཐོག་གི“ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བའི་ཁྱིམ”དུ་ལྟ་སྐོར་ལ་ཁྲིད་དེ “འདི་གར་རླངས་འཁོར་འཇོག་ས་དང་། ངལ་གསོ་ཁང་། སྟབས་བདེའི་སྨན་བཅོས་བྱེད་ས་སོགས་ཡོད་ལ། དྲོད་རླངས་དང་། ཚ་ཐབ། ཆུ་དྲོད་གཏོང་ཆས་སོགས་ཀྱི་སྒྲིག་ཆས་དང་། དེ་བཞིན་རྒྱུན་སྤྱོད་ཀྱི་སྨན་བཅས་བཀོད་སྒྲིག་བྱས་ཡོད་པས། ཕར་འགྲོ་ཚུར་འོང་བྱེད་མཁན་ཁ་ལོ་བ‘འཁྱགས་ན་མེ་སྲོ་ཐུབ་པ་དང་། ཁག་ན་ངལ་གསོ་རྒྱག་ཐུབ་པ། སྐོམ་ན་ཆུ་འཐུང་ཐུབ’པར་འགན་ལེན་བྱས་པས། ‘ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བའི་ཁྱིམ’དེ་ཏང་དང་སྲིད་གཞུང་གི་གཅེས་སེམས་བརྒྱུད་སྤྲོད་བྱེད་སའི‘གསར་བརྗེའི་ས་ཚུགས་མཛེས་ཤོས’སུ་བསྐྲུན་དགོས”ཞེས་བཤད།

མིག་སྔའི་བར“ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བའི་ཁྱིམ”གྱིས་བསྡོམས་ཁ་ལོ་བ་བརྒྱ་ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད།

(ཚེ་ཁོས་བསྒྱུར། པ་སངས་དང་ཚེ་ཁོས་ཞུས)