《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月05日

“འདི་གའི་ཡུལ་མི་སྤུན་ཟླ་ཚོར་ང་དགོས་མཁོ་ཡོད”

——དིང་རིའི་ས་ཡོམ་གེགས་ཁུལ་གྱི་ལས་བྱེད་པའི་ཟོལ་མེད་བརྩེ་བ།

“གྲོང་ཚོའི་དུད་ཁྱིམ་ཚང་མའི་གནས་ཚུལ་ངས་ཤེས་ཀྱི་ཡོད། གེགས་རྗེས་རོགས་སྐྱོབ་བཀོད་སྒྲིག་ལ་རོགས་རམ་བྱེད་དགོས་པས་ཡུལ་མི་སྤུན་ཟླ་ཚོར་ང་དགོས་མཁོ་ཡོད”དིང་རིར་ས་ཡོམ་བརྒྱབ་རྗེས་ཀྱི་ཉིན་གཉིས་པའི་ཐོ་རེངས་སུ་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པའི་འགན་འཁུར་མྱོང་བའི་བསྟན་འཛིན་ཁ་བྲལ་མ་ཐག་པའི་དགུ་རུམ་གྲོང་ཚོར་ཛ་དྲག་ངང་ལོག་ནས་ཉེན་སེལ་རྒུད་སྐྱོབ་དང་བཀོད་སྒྲིག་ལས་དོན་ནང་མགྱོགས་མྱུར་ཞུགས་ཏེ་ཉིན་20ལྷག་ཙམ་སོང་ཡོད།

གསར་འགོད་པས་དགུ་རུམ་གྲོང་ཚོ་ནས་ཤ་རིད་ལ་གཟུགས་པོ་རིང་བའི་བསྟན་འཛིན་མཐོང་སྐབས། ཁོང་གིས་རྒན་རྒོན་ལ་སྟབས་བདེའི་ཁང་པར་མེ་སྤྱོད་གློག་སྤྱོད་ཐད་དོ་སྣང་བྱེད་དགོས་པའི་མངགས་བྱ་བྱེད་བཞིན་ཡོད་པ་དང་། ཁོང་གིས་གྱོན་པའི་སྟོད་གོས་ནག་པོ་ཐལ་བས་འཚོས་པ་དང་ངོ་གདོང་ཡང་ནག་པོར་གྱུར་ཡོད།

འདི་ལོའི་ཟླ་དང་པོའི་ཟླ་འགོར་བསྟན་འཛིན་གྱིས་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པའི་ལས་གནས་རྩ་དགོངས་ཞུས་ཏེ་དགུ་རུམ་གྲོང་ཚོ་ནས་ཁ་བྲལ་མོད། འོན་ཀྱང་ས་ཡོམ་གྱི་གནས་ཚུལ་ཐོས་རྗེས་སེམས་ཁྲལ་ཆེན་པོ་བྱུང་ཞིང་། ཟླ་1ཚེས་9ཉིན། ཁོང་གིས་ལས་གནས་རྩ་དགོངས་ཞུ་ཡིག་རྩིས་མེད་གཏོང་རྒྱུའི་རེ་བ་བཏོན།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)

གློ་བུར་དུ་བརྒྱབ་པའི་ས་ཡོམ་ལས་གང་སར་འགྱུར་ལྡོག་ངེས་ཅན་བྱུང་ཡོད།

དགུ་རུམ་གྲོང་ཚོ་ནི་ད་རེས་ས་ཡོམ་གྱི་གནོད་འཚེ་ཕོག་ཚབས་ཆེ་ཤོས་ཀྱི་གྲོང་ཚོའི་གྲས་ཤིག་ཡིན་པ་དང་། གྲོང་ཚོ་ཡོངས་ཀྱི་མི་222ཁྲོད་ནས་མི་22རྐྱེན་ལམ་དུ་ཤོར་ཡོད།

ཚེས་7ཉིན། བསྟན་འཛིན་གྱིས་བཟའ་ཟླའི་བཀག་འགོག་ལ་མ་བལྟོས་པར་ཁྲོམ་ནས་གྲོང་ཚོར་མཁོ་བའི་དངོས་ཟོག་ཁ་ཤས་ཉོས་རྗེས་ལྷ་ས་ནས་དགུ་རུམ་གྲོང་ཚོར་ལོག་པའི་ལམ་དུ་ཆས།

བསྟན་འཛིན་དགུ་རུམ་གྲོང་ཚོར་འབྱོར་སྐབས་ཡུལ་མི་སྤུན་ཟླ་ཚོ་སྔ་ས་ནས་གུར་ནང་བཀོད་སྒྲིག་བྱས་ཟིན་ཡོད། གུར་དང་པོར་སྐྱོད་སྐབས་ཁོང་གིས་དུས་རྒྱུན་རང་ལ་ལྟ་རྟོག་ཆེན་པོ་བྱེད་མྱོང་བའི་ཨ་ཅག་མིག་དམར་མཐོང་།

མིག་དམར་གྱིས་བསྟན་འཛིན་མཐོང་མ་ཐག་མིག་ཆུ་ཤོར། “ཨ་བསྟན་འཛིན། ཁྱེད་རང་ལོག་ནས་ཅི་བྱེད” “སྟབས་ལེགས་པ་ཞིག་ལ་རང་གྲོང་ཚོར་བསྡད་མེད། ས་ཡོམ་བརྒྱབ་པ་དང་འཁེལ་ན་ནང་མི་ཇི་ལྟར་བྱེད་དམ”

སྐད་ཆ་ཁུ་བསྡུས་པོ་དེས་བསྟན་འཛིན་གྱི་སེམས་པ་རབ་ཏུ་གཡོས་ཏེ་མིག་ཆུ་ལྷུང་ལྷུང་དུ་ཤོར།

“འཚོ་བ་ཡག་ཏུ་འགྲོ་གི་རེད། རྒྱལ་ཁབ་ཀྱིས་ང་ཚོར་རོགས་རམ་གནང་བཞིན་ཡོད་པས། ཁྱེད་ཚོས་རང་ཉིད་ཀྱི་གཟུགས་པོར་བདག་གཅེས་ཡག་པོ་བྱེད་དགོས”ཞེས་གྲོང་ཚོའི་མི་མང་པོ་ཞིག་སྔར་བཞིན་བདེ་ཐང་ཡིན་པ་མཐོང་སྐབས་ཁོང་གི་སེམས་པ་ད་གཟོད་ལྷོད་ལ་བབས།

“རྣམ་ཀུན་ཡུལ་མི་སྤུན་ཟླ་ཚོས་ང་རང་ཁོང་ཚོའི་རང་ཕྲུག་ལྟར་བརྩི་གི་ཡོད། གལ་ཏེ་ཁོང་ཚོ་མེད་ན་ང་ལོག་མི་སྲིད” ལོ་མང་པོ་དེ་དག་རིང་ཁོང་གིས་དུད་ཁྱིམ་ག་ཚོད་ལ་སྐྱོད་མྱོང་བ་ཁ་གསལ་ཤོད་རྒྱུ་མེད་ལ། ཡུལ་མི་སྤུན་ཟླ་ཚོས་རང་ཉིད་ལ་རོགས་པ་ཇི་ཙམ་བྱས་པའང་གསལ་པོ་ཤོད་རྒྱུ་མེད།

“ཨ་བསྟན་འཛིན། ཁ་ལག་བཟས་སམ། ངའི་ཁྱིམ་དུ་ཟ་བར་ཤོག” “གྲོང་ཚོ་ཨུ་ལྷན་ལ་ཞོག་ཁོག་སྐྱེལ་དགོས་སམ” “དགོང་མོ་མེ་གཏོང་མ་འདོད་ན་ཁྱེད་རང་ངའི་ཁྱིམ་དུ་ཤོག” “ཨ་བསྟན་འཛིན། ང་རྫོང་གྲོང་དུ་ཅ་ལག་ཉོ་བར་འགྲོ་གི་ཡིན། ཁྱེད་ལ་གང་དགོས་སམ” ལོ་6རིང་ཡུལ་མི་ཚོ་དང་མཉམ་དུ་འཚོ་བ་སྐྱེལ་བའི་བྱ་བ་ཆུང་ཙག་རྣམས་བསྟན་འཛིན་གྱི་བློ་ངོར་ཝ་ལེར་འཆར།

གྲོང་ཚོར་ལོག་ནས་ཉིན་20ལྷག་ཙམ་སོང་རིང་ཁོང་གིས་སེམས་ནུས་ཡོད་རྒུས་ཞིག་རོ་གཙང་སེལ་དང་། བགོ་བཤའ་བརྒྱབ་པའི་དངོས་ཟོག་དབོར་འདྲེན། རྒྱུ་དངོས་ལ་བདག་པོ་རྒྱག་རོགས། སྟབས་བདེའི་ཁང་པ་སྐྲུན་པ་སོགས་ཀྱི་ལས་དོན་ནང་ཞུགས་ཡོད།

“སྤོ་ལགས། ང་ཚོ་ཕྱིར་འཆམ་འཆམ་ལ་འགྲོ” གཉེན་ཉེ་འདས་པའི་བགྲེས་སོང་དེས་ཉིན་གཉིས་སྐད་ཆ་ཚིག་གཅིག་ཀྱང་བཤད་མེད་ཅིང་། ཆ་རྒྱུས་ཡོད་པའི་བསྟན་འཛིན་མཐོང་རྗེས་གཞི་ནས་འགུལ་སྐྱོད་བྱས།

ཁོང་གཉིས་ཕྱིན་ནས་སྐར་མ་བཅུ་ལྷག་ཙམ་སོང་མཚམས་བསྟན་འཛིན་གྱིས་བགྲེས་སོང་ལ“དུས་ཚོད་རིང་པོར་འགུལ་སྐྱོད་མ་བྱས་ན་གཟུགས་པོར་གནོད་པ་ཆེན་པོ་ཡོད། འཆམ་འཆམ་ལ་མང་ཙམ་སྐྱོད་དང་། ངས་རོགས་པ་བྱས་ཆོག”ཅེས་བཤད་པས། བགྲེས་སོང་གིས་གཞི་ནས“ཨ་བསྟན་འཛིན། ཐུགས་རྗེ་ཆེ”ཞེས་བཤད།

མང་ཚོགས་ཚང་མ་སྟབས་བདེའི་ཁང་པར་སྤོས་ཟིན་པ་དང་རྒྱུན་གཏན་གྱི་འཚོ་བ་རིམ་བཞིན་སླར་གསོ་བྱུང་བས། བསྟན་འཛིན་གྱི་སེམས་པ་གཞི་ནས་ལྷོད་ལ་བབས།

(ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གློག་འཕྲིན་གཞིར་བཟུང)

(བསྟན་འཛིན་བཟང་མོས་བསྒྱུར། ཚེ་སྒྲོལ་དང་བསྟན་བཟང་གིས་ཞུས)