འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་ལྷ་གཞིས་ལྕགས་ལམ་སྣེའུ་ཁུལ་གསར་གསང་མདའ་རུ་ཆེན་དང་། སྣེའུ་ཁུལ་གསར་མཚོ་བོད་རུ་འབྲིང་། ལྷ་ས་མེ་འཁོར་བབས་ཚུགས། རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་ལྕགས་ལམ་ལམ་སྲུང་མཉམ་འབྲེལ་འགོག་སྲུང་གཞུང་ལས་ཁང་བཅས་སུ་ཕེབས་ཏེ། ལྕགས་ལམ་ལམ་སྲུང་མཉམ་འབྲེལ་འགོག་སྲུང་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ། དུས་ཆེན་རིང་ལས་གནས་བརྟན་སྲུང་བྱེད་བཞིན་པའི་ལྕགས་ལམ་ལམ་སྲུང་མཉམ་འབྲེལ་འགོག་སྲུང་རུ་མི་དང་ལྕགས་ལམ་གྱི་འཐབ་ཕྱོགས་དང་པོའི་ལས་བཟོ་བར་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་རེད།
ལྷ་གཞིས་ལྕགས་ལམ་སྣེའུ་ཁུལ་གསར་གསང་མདའ་རུ་ཆེན་དང་། སྣེའུ་ཁུལ་གསར་མཚོ་བོད་རུ་འབྲིང་། ལྷ་ས་མེ་འཁོར་བབས་ཚུགས་བཅས་སུ་ལིའུ་ཅང་གིས་ལམ་སྲུང་རུ་ཁག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་རུ་མིའི་ལས་ཀ་དང་འཚོ་བའི་གནས་ཚུལ་ས་གནས་ས་ཐོག་ཏུ་མཁྱེན་རྟོགས་གནང་བ་དང་། ཆེད་ལས་དང་ཞོར་ལས་གཅིག་ལྕོགས་ཀྱི་ལམ་སྲུང་རུ་མི་དང་ལྕགས་ལམ་གྱི་འཐབ་ཕྱོགས་དང་པོའི་ལས་བཟོ་བ་ཡོངས་ལ་འཚམས་འདྲི་གནང་བ། ལམ་སྲུང་རུ་མི་དང་ལྕགས་ལམ་གྱི་ལས་བཟོ་བས་ལོ་གཅིག་རིང་དཀའ་སྤྱད་འབད་འབུངས་བྱས་པར་ཁས་ལེན་གང་ལེགས་གནང་བ་མ་ཟད། ཁོང་ཚོར་ལས་རེས་ལྟ་སྲུང་ཡག་པོ་བྱེད་པ་དང་ཆབས་ཅིག རང་ཉིད་ཀྱི་བདེ་འཇགས་ལའང་དོ་སྣང་བྱེད་དགོས་པའི་བཀའ་མངགས་ཀྱང་གནང་བ་རེད།
(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)
ལིའུ་ཅང་གིས་རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་ལྕགས་ལམ་ལམ་སྲུང་མཉམ་འབྲེལ་འགོག་སྲུང་གཞུང་ལས་ཁང་དུ་ལྕགས་ལམ་རྒྱུད་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་འགོག་ཟོན་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བཅོས་སྒྲིག འཕྲལ་སྡོམ་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་སོགས་ཀྱི་ལས་ཀའི་ལམ་སྲོལ་དང་འཁོར་རྒྱུག་ཕན་འབྲས་ཤེས་རྟོགས་ཞིབ་ཕྲ་གནང་བ་དང་སྦྲགས། འཐབ་ཕྱོགས་དང་པོའི་ལམ་སྲུང་མཉམ་འབྲེལ་འགོག་སྲུང་ལས་རེས་མི་སྣ་དང་བརྙན་ལམ་སྦྲེལ་མཐུད་ཀྱང་གནང་ཞིང་། ཁོང་ཚོར་དཔྱིད་གསར་དུས་ཆེན་རིང་འགྲུལ་པ་གཅིག་སྡུད་ཆེ་བ་དང་འགྲུལ་པ་མང་པོ་ཡོད་པས། ལྕགས་ལམ་ལམ་སྲུང་མཉམ་འབྲེལ་འགོག་སྲུང་ལས་ཀའི་ལམ་སྲོལ་གྱི་ལེགས་ཆ་བཏོན་ནས་ལྕགས་ལམ་གྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་འགོག་ཟོན་དང་། མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བཅོས་སྒྲིག འཕྲལ་སྡོམ་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་རྒྱུའི་གྲ་སྒྲིག་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ། ལྕགས་ལམ་གྱི་བདེ་འཇགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་དགོས་ཞེས་བསྟན་གནང་བ་རེད།
ལིའུ་ཅང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་ལམ་སྲུང་མཉམ་འབྲེལ་འགོག་སྲུང་རྩ་འཛུགས་དང་རྒྱ་ཆེའི་ལམ་སྲུང་རུ་མིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། “གཏན་འཁེལ་གཉིས”ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”
མཐའ་གཅིག་ཏུ་ཐུབ་པར་བྱེད་པ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལག་ལེན་གཏིང་ཟབ་བསྟར་ནས་ཆབ་སྲིད་ཀྱི་ལྷག་བསམ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་མཐའ་འཁྱོངས་བྱེད་པ་དང་། ལས་གནས་བརྟན་སྲུང་དང་ལས་འགན་རྣམ་དག་སྒྲུབ་པ། ལས་རེས་དང་གྲ་སྒྲིག་ནན་པོ་བྱེད་པ། དངོས་འཐབ་ནང་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། མཉམ་འབྲེལ་འགོག་སྲུང་དང་མཉམ་འབྲེལ་དོ་དམ་གྱི་ཆུ་ཚད་མུ་མཐུད་མཐོ་རུ་གཏོང་བ། རྒྱུན་གཏན་གྱི་ལམ་སྲུང་སྐོར་ཞིབ་ལས་དོན་ལེགས་པར་སྒྲུབ་པ། གཙོ་གནད་བདེ་འཇགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མཐའ་གཅིག་ཏུ་སེལ་བ་བཅས་བྱས་ནས། སེམས་ཤུགས་ཆེན་པོ་དང་བརྩེ་སེམས་ཟབ་མོས་མང་ཚོགས་བདེ་འཇགས་ངང་འགྲོ་སྐྱོད་ཐུབ་པར་འགན་སྲུང་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ལམ་ཐིག་དང་བདེ་སྐྱིད་ལམ་བུར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་ཡག་པོ་བྱེད་དགོས་པ། གཞི་རིམ་གྱི་ལམ་སྲུང་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས། ལམ་སྲུང་རུ་མིའི་ལས་ཀ་དང་འཚོ་བའི་ཆ་རྐྱེན་ལེགས་སུ་བཏང་སྟེ། ལྕགས་ལམ་ལམ་སྲུང་ལས་དོན་གྱི་ཁྱོན་ཡོངས་ཀྱི་ཆུ་ཚད་མཐོ་རུ་རྒྱུན་ཆད་མེད་པར་གཏོང་དགོས།
(སྤེན་པ་ཚེ་རིང་གིས་སྒྱུར་ཞུས་བྱས)