དཔྱིད་གསར་དུས་ཆེན་རིང་། མི་རྣམས་ཀྱིས་ལོ་གསར་གྱི་གོམས་སྲོལ་ལ་རོལ་ནས་ཕྱིར་ཡུལ་སྐོར་ལ་བསྐྱོད་དེ་སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན་དགའ་གཏོང་བྱེད་བཞིན་མཆིས། ཉེ་ཆར། གསར་འགོད་པས་ལྷ་ས་གྲོང་ཁྱེར་གྱི་རྟེན་མཛོད་ཁང་དང་། གློག་བརྙན་ཁང་། སྒོ་རྩིས་ཚོང་ཁང་། མཛེས་ལྗོངས་ཁུལ་སོགས་སུ་བཅར་འདྲི་བྱེད་སྐབས་གང་སར་དུས་ཆེན་གྱི་རྣམ་པས་ཁེངས་ཡོད།
བོད་ལྗོངས་རྟེན་མཛོད་ཁང་དུ་སྐྱོད་སྐབས“བཀྲ་ཤིས་པའི་སྦྲུལ་ལོར། རྟེན་མཛོད་ཁང་ནང་ལོ་གསར་གཏོང”ཞེས་པའི་བརྗོད་དོན་གཙོ་བོའི་ལོ་གསར་གྱི་གོམས་སྲོལ་བྱེད་སྒོ་ལས་གྲོང་མི་དང་ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་དབང་བཀུག་ཡོད། འགྲེམས་ཁང་ནང་མི་རྣམས་ཀྱིས་འགྲེམས་སྒྲོམ་ཁག་ཏུ་བསྐྱོད་དེ་འགྲེམས་དངོས་ཚང་མར་ནན་ཏན་གྱིས་ལྟ་བཞིན་མཆིས། གྲོང་མི་སྒྲོལ་མས“དཔྱིད་གསར་དུས་ཆེན་རིང་ངས་ཕྲུ་གུ་རྟེན་མཛོད་ཁང་དུ་འཁྲིད་ནས་བུ་ལ་སྲོལ་རྒྱུན་རིག་གནས་ཀྱི་ཤུགས་རྐྱེན་ཁྲོད་ལོ་གསར་པའི་འགོ་གསར་པ་ཞིག་འཛུགས་སུ་འཇུག་གི་ཡིན”ཞེས་བཤད།
ལུགས་རྙིང་ཤིང་སྦྲུལ་ལོའི་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུ་ཆེད། རྟེན་མཛོད་ཁང་གིས་བྱེད་སྒོ་རབ་དང་རིམ་པ་ཇུས་འགོད་ཞིབ་ཚགས་བྱས་པ་སྟེ། སྣ་མང་ཕུན་སུམ་ཚོགས་པའི་འགྲེམས་སྟོན་ཕུད་ད་དུང“དཔྱིད་རྔ་བརྡུངས་ནས་དཔྱིད་གསར་དུས་ཆེན་ལ་རོལ”ཞེས་པ་དང་། དཔྱིད་གསར་གྱི་ཆ་ཡིག་དང་སྨོན་ཚིག་འབྲི་བ། བོད་ལྗོངས་རྟེན་མཛོད་ཁང་གི་དཔྱིད་གསར་དུས་ཆེན་གྱི་རྟེན་ཤོག་སྤྲོད་པ། སྦྲུལ་ལོའི་རྒྱན་ཆས་སྤྲོད་པ་སོགས་ཀྱི་བྱེད་སྒོ་ཡོད་པས་ལྟད་མོ་བས་རིག་དངོས་ལ་ལྟ་སྐོར་བྱེད་པ་དང་ཆབས་ཅིག ཀྲུང་ཧྭ་མི་རིགས་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་དངོས་སུ་ཉམས་ལེན་ཡང་བྱེད་ཐུབ་ཡོད། “ལོ་གསར་རིང་གློག་བརྙན་ལྟ་རྒྱུ་ནི་ང་ཚོའི་ཁྱིམ་ཚང་གི་གོམས་གཤིས་ཤིག་ཏུ་གྱུར་ཡོད། ནང་མི་ཚང་མས་མཉམ་དུ་གློག་བརྙན་བལྟས་ཏེ་སྤྲོ་སྣང་གི་དུས་བཟང་ལོངས་སུ་སྤྱོད་ཀྱི་ཡོད”ཅེས་གསར་འགོད་པར་ཚེ་རིང་གིས་དེ་ལྟར་བཤད་པ་དང་། ཁོང་གིས་ལག་ཐོགས་ཁ་པར་གྱིས་རྟགས་བཤེར་བྱས་ནས་སྤ་སེ་ལེན་བཞིན་འདུག
མང་ཚོགས་ཀྱི་གློག་བརྙན་ལྟ་བའི་དགོས་མཁོ་སྐོང་ཆེད། ལྷ་སའི་གློག་བརྙན་ཁང་ཆེ་གྲས་ཁག་གིས་དུས་ཐོག་ཏུ་གློག་བརྙན་སྟོན་ཐེངས་མང་དུ་བཏང་བ་མ་ཟད། ད་དུང་འཛད་སྤྱོད་མགྱོགས་པའི་ཐོན་རྫས་ཀྱི་གཟིགས་སྐྱོང་བྱེད་སྒོ་ཡང་སྤེལ་ནས་དགོད་བྲོའི་ལྟད་མོ་ནས་དྲག་རྩལ་ལྟད་མོའི་བར་གྱི་ནང་དོན་ཕུན་སུམ་ཚོགས་པའི་གློག་བརྙན་གྱིས་ལྟད་མོ་བ་ཚོར་གདམ་ག་སྣ་མང་མཁོ་འདོན་བྱས་པས་ཚང་མས་གློག་བརྙན་ལྟ་བཞིན་སྤྲོ་སྣང་ལྡན་པའི་ངང་དཔྱིད་གསར་དུས་ཆེན་རོལ་གྱི་ཡོད།
(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)
ལྷ་ས་གྲོང་ཁུལ་གྱི་ཚོང་ཁང་ཆེ་གྲས་ཁག་ཏུ་གློག་སྒྲོན་གྱིས་བརྒྱན་པ་དང་སྤྲོ་སྣང་གི་རོལ་དབྱངས་གྲགས་ནས་གང་སར་དུས་ཆེན་གྱི་རྣམ་པས་ཁེངས། ཟོག་སྒྲོམ་ཐོག་ལྟ་བས་མི་ངོམས་པའི་ཚོང་ཟོག་གིས་ཁེངས་ཤིང་། མི་རྣམས་ཀྱིས་དེ་གར་ལོ་གསར་གྱི་མཁོ་ཆས་འདེམས་བཞིན་ཡོད། སྲོལ་རྒྱུན་གྱི་ལོ་གསར་མཁོ་ཆས་ཕུད། ཚོང་པས་ད་དུང་ལོ་གསར་གྱི་ཁྱད་ཆོས་ལྡན་པའི་ཚོང་ཟོག་སྣ་ཚོགས་དཔེར་ན། བོད་ཀྱི་རིག་གནས་ཀྱི་གཞི་རྒྱུ་ལྡན་པའི་རྒྱན་ཆ་དང་རིག་གནས་གསར་གཏོད་ཐོན་རྫས་སོགས་བཏོན་པར། ཡུལ་སྐོར་བ་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་ཡོད།
རིགས་འབྲེལ་སྒོ་རྩིས་ཚོང་ཁང་ཆེ་གྲས་ཤིག་གི་འགན་འཁུར་བས། “ད་ལོའི་དཔྱིད་གསར་དུས་ཆེན་རིང་ཚོང་ཁང་དེ་ག་ནས་ཚོང་ཟོག་བཙོངས་ཚད་ལོ་གོང་མ་ལས་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། ང་ཚོས་དཔྱིད་གསར་དུས་ཆེན་གྱི་བརྗོད་དོན་གཙོ་བོར་དམིགས་ནས་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ། ཉོ་སྒྲུབ་བྱ་ཡུལ་དུ་ལོ་གསར་གྱི་རྣམ་པ་སྔར་བས་ཟབ་མོ་ལྡན་པར་བྱས་ཡོད། བོད་ཀྱི་ལོ་གསར་རིང་ད་དུང་ལོ་གསར་གྱི་མཁོ་ཆས་ཉོ་སྒྲུབ་བྱེད་མང་ཤོས་ཀྱི་དུས་ཚིགས་འཆར་རྒྱུ་ཡིན་པ་ང་ལ་ཡིད་ཆེས་ཡོད”ཅེས་དང་། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་གི་ཅ་དངོས་ཉོ་སྒྲུབ་བྱེད་མང་ཤོས་ཀྱི་དུས་དེ་བསུ་ཆེད། སྒོ་རྩིས་ཚོང་ཁང་གིས་ཟླ་བ་ཁ་ཤས་སྔོན་ནས་ལོ་གསར་གྱི་མཁོ་ཆས་ཉོ་སྒྲུབ་ཀྱི་ལས་དོན་གྲ་སྒྲིག་བྱེད་འགོ་བཙུགས་ནས། ཚོང་ཟོག་གསོག་ཚད་མང་དུ་བཏང་བ་དང་ཚོང་ཟོག་གི་སྣ་ཁ་ཕུན་སུམ་ཚོགས་སུ་བཏང་སྟེ། ལོ་གསར་གྱི་མཁོ་ཆས་སྣ་ཚོགས་མཁོ་སྤྲོད་འདང་ངེས་ཡོང་བར་འགན་ལེན་བྱས་ཡོད་ཅེས་ངོ་སྤྲོད་བྱས།
ལྷ་སར་དཔྱིད་གསར་དུས་ཆེན་གཏོང་རྒྱུ་དེ་ལྗོངས་ཕྱིའི་ཡུལ་སྐོར་བ་མང་པོའི་གདམ་ག་ཞིག་ཏུ་གྱུར་ཡོད། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་2025ལོའི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་མཚན་ཚོགས་ཀྱི་བོད་ལྗོངས་ལྷ་སའི་ཡན་ལག་ཚོགས་རར་ཡུལ་སྐོར་བ་དེ་བས་མང་བ་གཅིག་རྗེས་གཉིས་མཐུད་ངང་ཡོང་ནས་བོད་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་མྱོང་རོལ་བྱེད་བཞིན་ཡོད། སི་ཁྲོན་ནས་ཡིན་པའི་ཡུལ་སྐོར་བ་ཝང་ཞ་དེ་སྔ་ནས་ཕོ་བྲང་པོ་ཏ་ལར་ཡོང་འདོད་ཡོད་ཅིང་། ད་ལོའི་དཔྱིད་གསར་དུས་ཆེན་རིང་ཁོང་གི་བསམ་འདུན་མངོན་འགྱུར་བྱུང་ཡོད། ཁོང་གིས“འདི་གའི་རང་བྱུང་ཡུལ་ལྗོངས་ལྷག་པར་མཛེས་པ་མ་ཟད། ད་དུང་ཡུལ་སྲོལ་གོམས་གཤིས་བཟང་བས་རང་ཉིད་ལ་ཧང་སངས་དགོས་པའི་ཚོར་སྣང་ཞིག་བྱུང་། ལྷག་པར་དུ་དཔྱིད་གསར་དུས་ཆེན་རིང་གྲོང་ཁྱེར་དེའི་རིག་གནས་ཀྱི་རྣམ་པ་ཟབ་མོ་དང་སྤྲོ་སེམས་སྔར་བས་ཚོར་བྱུང”ཞེས་བཤད།