《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月05日

ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2025ལོའི(རྒྱ་ཆེ)སློབ་སྦྱོང་ཚོགས་འདུ་ཐེངས་གཉིས་པ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་དང་། ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2025ལོའི(རྒྱ་ཆེ)སློབ་སྦྱོང་ཚོགས་འདུ་ཐེངས་གཉིས་པ་གཙོ་སྐྱོང་གནང་སྟེ། ཁྲིམས་འཛུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་མ་ཟད། “དུས་རབས་གསར་པར་ས་གནས་མི་དམངས་འཐུས་ཚོགས་ཀྱི་ཁྲིམས་འཛུགས་སྤུས་ཚད་མཐོ་རུ་ཇི་ལྟར་གཏོང་རྒྱུར”དམིགས་ཏེ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་དང་། ཀྲུང་གོ་ཁྲིམས་རིག་པ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཞུས་ཨན་པེའོ་གདན་དྲངས་ནས་ཆེད་དོན་ཟུར་ཁྲིད་བྱས་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཁོངས་མིས་སྤེལ་རེས་གཏམ་བཤད་བྱས་ཡོད།

ཡན་ཅིན་ཧའེ་ཡིས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་ལྷག་པར་དུ་ཁྲིམས་འཛུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གྱིས་ས་གནས་མི་དམངས་འཐུས་ཚོགས་ཀྱི་ཁྲིམས་འཛུགས་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ང་ཚོས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཁྲིམས་སྐྱོང་གི་འདུ་ཤེས་དང་། ཁྲིམས་སྐྱོང་གི་བྱེད་སྟངས། ཁྲིམས་སྐྱོང་གི་སྟོབས་ཤུགས་བཅས་ལ་བརྟེན་ནས་བོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་ཁྲིམས་འཛུགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)

ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། གཞུང་འཁྱོངས་གསར་འབྱེད་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་ཁྲིམས་འཛུགས་ལས་དོན་གྱི་ཁ་ཕྱོགས་བརྟན་པོར་བསྲུངས་ཏེ། ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཀྲུང་དབྱང་གི་དགོངས་དོན་དང་མཐུན་པ་དང་མི་དམངས་ཀྱི་བརྩི་བཀུར་ཐོབ་པར་འགན་ལེན་བྱེད་དགོས་པ་དང་། རྒྱབ་འགལ་མི་བྱེད་པ་དང་། ཁྱད་ཆོས་ལྡན་པ། བཀོལ་སྤྱོད་ཆོག་པ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། ས་གནས་ཀྱི་ཁྲིམས་འཛུགས་ཀྱི“ལག་བསྟར་རང་བཞིན་དང་། ཁ་གསབ་རང་བཞིན། འཚོལ་ཞིབ་རང་བཞིན”བཅས་ཀྱི་ནུས་པ་གང་ལེགས་འདོན་པའི་ཁར། དོན་དངོས་ལ་གཞིགས་པ་དང་། ཆོས་ཉིད་ཁོང་དུ་ཆུད་པ། ཁྱད་ཆོས་མངོན་ཐུབ་པ་བཅས་བྱས་ནས། བཟོས་པའི་བཅའ་ཁྲིམས་གཞི་ཚུགས་ཐུབ་པ་དང་། ལག་བསྟར་ཐུབ་པ། གོ་ཆོད་པ་བཅས་ཡོང་བར་འགན་ལེན་བྱེད་དགོས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་སྤུན་ཟླའི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་ཁྲིམས་འཛུགས་ཀྱི་ཉམས་མྱོང་དང་བྱེད་སྟངས་དཔྱད་གཞིར་འཛིན་པ་དང་སློབ་སྦྱོང་ཧུར་ཐག་བྱས་ཏེ། གསར་གཏོད་ཀྱི་ལམ་སྲོལ་དང་གཞུང་འཁྱོངས་མཐའ་འཁྱོངས་ལ་སྤྱི་འདོམས་ཀྱིས་མི་དམངས་འཐུས་ཚོགས་ཀྱི་ཁྲིམས་འཛུགས་ཀྱི་ཆབ་སྲིད་ངོ་བོར་ནོར་འཛོལ་མེད་པར་བྱེད་དགོས། གཙོ་གནད་འབུར་དུ་ཐོན་པར་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་ཁྲིམས་འཛུགས་ལས་དོན་གྱི་སྤུས་ཕན་གཉིས་ཀར་འགན་ལེན་བྱས་ནས། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ། བོད་ཀྱི་ཁྱད་ཆོས་ལྡན་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་མ་ལག་འཐུས་སྒོ་ཚང་དུ་ཟམ་མི་ཆད་པར་གཏོང་དགོས། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན་གྱི་ལྗོངས་ཡོངས་ལ་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་བཅོས་སྐྱོང་གི་ཕན་འབྲས་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། ལག་ལེན་ལས་ར་སྤྲོད་ཐུབ་པའི་ཡང་དག་པ་དང་གནད་ལ་སྨིན་པའི་ཉམས་མྱོང་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ནང་དུས་ཐོག་ཏུ་འཇུག་དགོས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱས་ནས། མི་དམངས་ཀྱི་དགོས་མཁོ་སྐོང་བ་དང་། མི་དམངས་ཀྱི་བསམ་བློ་གཏོང་སར་བསམ་གཞིག མི་དམངས་ཀྱི་རེ་སྒུག་བྱེད་སར་བརྡ་ལན་སྤྲོད་པ་བཅས་བྱ་རྒྱུ་དེ་ཁྲིམས་འཛུགས་ཀྱི་མཐར་ཐུག་དམིགས་ཡུལ་དུ་བརྩི་དགོས།

(ཚེ་དབང་ལྷ་མོས་བསྒྱུར། པ་སངས་ཚེ་རིང་གིས་ཞུས)