《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月02日

༄༅། །མི་ཡུལ་གྱི་མར་མེ་ཚེ་འབར།

—— དགེ་བའི་བཤེས་གཉེན་རྣམས་ལ་ཕུལ།

གཅན་གླག་མིག

སྟོང་བསམ་འཆར་སྒོ་འགོག་ལ་མངའ་བརྙེས་ཤིང་། །

དམིགས་ཡུལ་འབེན་མོ་ཕུག་ལ་དབང་འབྱོར་ལ། །

རྨོངས་ཚོགས་སྨག་རུམ་གཏིང་ནས་འཇོམས་མཛད་པ། །

དགེ་བའི་བཤེས་གཉེན་ཞབས་ལ་གསོལ་བ་འདེབས། །

སྐུ་ལས་བྱམས་སེམས་གཟི་མདངས་འོད་བརྒྱ་འཚེར། །

གསུང་ལས་དྲི་མེད་ཚངས་པའི་སྒྲ་དབྱངས་སྒྲོག །

ཐུགས་ལས་གཞན་ཕན་ལྷག་བསམ་མཁའ་རུ་འཕྱོ། །

བཤེས་གཉེན་བཟང་པོ་འཛམ་གླིང་མཛེས་པའི་རྒྱན། །

སེམས་པ་དཀར་པོས་གཞན་དོན་ཁུར་དུ་བཞེས། །

བློ་ཡིད་གཙང་མས་ཤེས་རིག་བདུད་རྩི་བསྟེན། །

ཐབས་ཤེས་ལེགས་པོས་གཞན་རྒྱུད་མུན་པ་སེལ། །

གང་དེའི་མཛད་འཕྲིན་སྨྲ་བསམ་བརྗོད་ལས་འདས། །

སྐྱིད་འདོད་རྒྱབ་ཏུ་བསྐྱུར་ནས་ཐོས་བསམ་བསྙེགས། །

ངལ་བ་ཕྲག་ཏུ་བླངས་ཏེ་སློབ་གསོ་བསྒྲུབས། །

བློ་སེམས་རྣལ་མས་སློབ་བུའི་འདོད་དོན་བསྐངས། །

ཁྱེད་ནི་ཤིང་ནགས་ཀློང་གི་ཐང་ཤིང་བཞིན། །

ཕྱི་ཡི་རླུང་འཚུབ་རྒོད་ཀྱང་གཉའ་མི་ཁུམ། །

ནང་གི་འབྱུང་བཞི་འཁྲུགས་ཀྱང་དཔའ་མི་ཞུམ། །

བར་དུ་ལུས་ཟུངས་ཟད་ཀྱང་ཡིད་མི་ཕམ། །

ཁྱེད་ཉིད་ལྟ་བུའི་སྐྱེས་མཆོག་ངོ་མཚར་ཆེ། །

ཉམ་ཆུང་རིགས་ལ་བརྩེ་བའི་ཞལ་གྱིས་ཕྱོགས། །

མི་འདོད་རྐྱེན་ལ་འཛུམ་པའི་སྤྱན་ཟུང་གཏད། །

བས་མཐའི་ཡུལ་ལ་དགྱེས་པའི་ཐུགས་དགོངས་འཁོར། །

ཁྱེད་ནི་སློབ་གསོའི་རྡོ་རིང་གཤའ་མ་ཞིག །

ཉིན་གྱི་བྱ་རར་བརྫུས་ཏེ་སློབ་གྲྭར་རྒྱུག །

མཚན་གྱི་མེལ་ཚེར་སྤྲུལ་ཏེ་དཔེ་ཁང་ཉུལ། །

ནམ་ཞག་རྒྱུན་དུ་སློབ་གསོ་སྲོག་ཏུ་སྒོམ། །

བཤེས་གཉེན་ཁྱེད་འདྲ་སློབ་བུའི་བསོད་ནམས་ཡིན། །

ཕྱོགས་ཞེན་རླུང་བུ་རྒོད་ཀྱང་བརྗིད་ཅིང་མཛེས། །

རྫུན་གཏམ་སེར་བ་རྩུབ་རུང་བརྟན་ཞིང་བརླིང་། །

གཡོ་སྒྱུའི་བྲོ་གར་འཇིགས་རུང་དྲང་ཞིང་བྱམས། །

ཕྲ་མའི་མགུར་གླུ་སྙན་རུང་དཔའ་ཞིང་མཛངས། །

འཕྲལ་ཡུན་ཀུན་ལ་ཕན་པར་བདེན་པའི་སྤྱན་གྱིས་གཟིགས། །

བསམ་སྦྱོར་མཐུན་ཞིང་དྲང་པོའི་ཐིག་གིས་ཡོད་ཚད་འཇལ། །

རང་གཞན་ཡོངས་ལ་སྨན་པར་གཟུ་བོའི་བློ་ཡིས་དཔྱད། །

ཁྱེད་ཉིད་རྒྱུ་སྐར་ཁྲོད་ཀྱི་བདུད་རྩིའི་མཚན་ཅན་ལགས། །

སེམས་ཀྱི་གཏིང་དུ་གཞན་དོན་བགྱི་བ་ཁོ་ན་དགོངས། །

གློ་རྒྱུའི་བར་དུ་མི་རིགས་སློབ་གསོའི་མདུན་ལྗོངས་གསལ། །

སེམས་ཀྱི་ཟབ་སར་མེས་རྒྱལ་ཆེན་མོར་དུང་ཞེན་ཆེ། །

མཁས་གྲུབ་མང་པོའི་གཙུག་ན་མཛེས་པ་ཕྱག་བྱའི་ཡུལ། །

ཡོ་དུས་མཐའ་ནས་འཐེན་ཏེ་གཡང་ལས་ཐར་བར་བྱེད། །

སྒུར་དུས་མདུན་ནས་བཀྱགས་ཏེ་གེགས་ལས་གྲོལ་བར་བྱེད། །

སྡུག་དུས་འགབ་ནས་བཏེགས་ཏེ་དགྲ་ལས་རྒྱལ་བར་བྱེད། །

ན་དུས་རྒྱབ་ནས་སྐྱོར་མཛད་ཀུན་གྱི་མིག་དཔེ་ཡིན། །

ཐོས་བསམ་སྒོམ་གསུམ་ཟེར་ན་ཁྱེད་ཀྱི་མཚན་བཟང་རེད། །

འཆད་རྩོད་རྩོམ་གསུམ་ཟེར་ན་ཁྱེད་ཀྱི་དཔེ་བྱད་ལགས། །

མཁས་བཙུན་བཟང་གསུམ་ཟེར་ན་ཁྱེད་ཀྱི་མིང་བྱང་རེད། །

ཁྱེད་ཉིད་ནམ་ཡང་མི་བྲལ་ལྷིང་ངེར་བཞུགས་པར་མཛོད། །