《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月02日

བྱམས་པས་བརྗོད་དོན།

“གཅུས་གཟེར”དང“རྐང་འཛིན་པ”ཡག་པོ་ཞིག་བྱེད་ཀྱི་ཡིན།

“ད་ཆ་ང་ཚོའི་གྲོང་ཚོའི་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་པ་དང་། གྲོང་ཚོའི་རྣམ་པ་དང་དམངས་སྲོལ་དེ་བས་ཡ་རབས་ལྡན་པ། མང་ཚོགས་ཀྱི་ཡོང་འབབ་ཀྱང་སྔར་བས་མང་དུ་ཕྱིན་ཡོད། མང་ཚོགས་ཚོས་ང་ཚོ་གྲོང་ཚོའི‘ཨུ་ལྷན་གཉིས’ཀྱི་ལས་ཀར་བློ་ཡིད་ཚིམ་ན་དཀའ་ངལ་ག་ཚོད་ཡོད་ཀྱང་བློ་འགྱོད་གཏན་ནས་མི་འདུག”ཅེས་གྲོང་ཚོའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་མཐོང་སྐབས་གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་ཁང་དམར་གྲོང་རྡལ་བྲག་སྣེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བྱམས་པས་སེམས་འགུལ་དང་དགའ་སྣང་ཆེན་པོས་དེ་ལྟར་བརྗོད།

བྱམས་པས་2021ལོ་ནས་བྲག་སྣེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གྱི་འགན་འཁུར་རྗེས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་རང་འགན་གཙང་སྒྲུབ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གྲོང་ཚོའི་རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་ཧུར་ཐག་བཏང་བས། ལོ་3ནང་བྲག་སྣེ་གྲོང་ཚོ་དེ་ཉིད་འཕེལ་རྒྱས་འགོར་བ་དང་མི་སེམས་མཐུན་པོ་མེད་པའི“ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོ”ཞིག་ནས་ད་ཆའི་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་ཕྱིན་ཞིང་མི་སེམས་གཅིག་སྒྲིལ་གྱི་སྔོན་ཐོན་གྲོང་ཚོར་གྱུར་ཡོད། བྱམས་པའི་སྣེ་ཁྲིད་འོག་བྲག་སྣེ་གྲོང་ཚོར་སྔ་རྗེས་སུ“གྲོང་ཁྱེར་རིམ་པའི་མཐའ་སྲུང་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས”དང“གྲོང་ཁྱེར་རིམ་པའི་རིམ་ལྔའི་གྲོང་ལྷན”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། ཁོང་མི་སྒེར་ལའང“གྲོང་ཁྱེར་རིམ་པའི་ཕུལ་བྱུང་གུང་ཁྲན་ཏང་ཡོན”དང“རྫོང་རིམ་པའི་ཕུལ་བྱུང་ཏང་དོན་ལས་དོན་པ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།

གཞི་རིམ་བཅོས་སྐྱོང་གི“འགག་སྒྲོལ་བ”བྱས་ཤིང་། 2023ལོར་ཁང་དམར་རྫོང་གིས“གཅིག་གསུམ་ལྔ”ཡི་གཞི་རིམ་བཅོས་སྐྱོང་ལས་དོན་སྒྲུབ་སྟངས་ཁྱབ་གདལ་བཏང་ནས་བྱམས་པས་སྔོན་ལ་བྱ་སྤྱོད་སྤེལ་ཏེ། ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་ནས་ཉིན་མོ་སྐོར་གཡེང་བརྒྱབ་སྟེ་དགོས་མཁོ་འདྲི་བ་དང་། དགོང་མོ་གྲོས་བསྡུར་བྱས་ནས་ཇུས་གཞི་འདྲི་བ། དྲ་རྒྱར་བརྟེན་ནས་ནུས་ཕྱོད་འདྲི་བ་བཅས་ཀྱི“དམངས་ལ་འདྲི་བ་གསུམ”གྱི་ལས་དོན་གྱི་བྱ་ཐབས་ལག་ལེན་ཧུར་ཐག་བསྟར་ཡོད། བྲག་སྣེ་གྲོང་ཚོས་ཏང་ཡོན་ལས་བྱེད་པས་རྒྱུན་གཏན་གྲོང་ཚོར་སྐོར་གཡེང་རྒྱག་པ་དང་། བཅར་འདྲི་བྱས་ནས་མང་ཚོགས་ཀྱི་དགོས་མཁོ་འདྲི་བ། ཏང་ཡོན་དང་མང་ཚོགས་ཚོས་གཅིག་སྡུད་ཐོག་གྲོང་ཁོངས་ཀྱི་བཅོས་སྒྲིག་ལ་ཞིབ་འཇུག་དང་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་གཙོ་གནད་དང་དཀའ་གནད་ལ་ཞིབ་འཇུག་བྱེད་པ། དྲ་མིག་ལས་བྱེད་པས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ལ་གྲལ་བཤེར་བརྟག་ཞིབ་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཕན་ནུས་ལ་རྗེས་སྙེག་འདྲི་རྩད་བྱས་ཡོད།

ཕྱུག་འགྱུར་ལམ་བུའི“སྣེ་ཁྲིད་མཁན”བྱས་ཤིང་། བྲག་སྣེ་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ཞན་པ་དང་། ཐོན་ལས་ཀྱི་གྲུབ་ཆ་སྣ་ཁ་འཛོམས་པོ་མེད་པ། མང་ཚོགས་ཀྱི་འབབ་འཕར་ལ་དཀའ་ངལ་ཡོད་པ་བཅས་ཀྱི་དོན་དངོས་གནད་དོན་ལ་གཞིགས་ནས་བྱམས་པས་འཕེལ་རྒྱས་ཀྱི་ལམ་བུ་ཧུར་ཐག་བཙལ་ཡོད། ཧེ་ལུང་ཅང་མུའུ་ཏན་ཅང་གྲོང་ཁྱེར་དང་། སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར་སོགས་སུ་རྟོག་ཞིབ་དང་སློབ་སྦྱོང་གི་ཉམས་མྱོང་ལ་ཕྱོགས་སྡོམ་གཏིང་ཟབ་བྱས་ཏེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་དང་རྨང་བརྟན་དམངས་ཕན་སོགས་ཀྱི་མ་དངུལ་སྒོར་ཁྲི་180སྤྱི་འདོམས་བསྡུ་སྒྲིལ་བྱས་ཏེ་གྲོང་ཚོའི་སྡོང་ཕྲུག་རྟེན་གཞི་མུའུ་15བསྐྲུན་ནས་གླ་ཚེར་དང་། སྦྱར་པ། གསོམ་ཤིང་སོགས་སྡོང་ཕྲུག་རིགས་8བཏབ་པ་དང་འབྲེལ། སྡོང་ཕྲུག་མཁོ་འདོན་གྱི་གྲོས་མཐུན་བཞག་པ་བརྒྱུད། དུས་ཡུན་རིང་པོར་ལྷ་ས་གྲོང་ཁྱེར་གྱི་ལྷོ་རི་བྱང་རིའི་ལས་གྲྭ་དང་། ཁང་དམར་རྫོང་གི་ཤིང་འཛུགས་ནགས་བཟོའི་ལས་གྲྭར་སྡོང་ཕྲུག་མཁོ་འདོན་བྱས་པར། གྲོང་ཚོའི་མཉམ་སྡེབ་ལ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་40ལྷག་ཙམ་བྱུང་ཡོད།

མཛེས་མཐུན་གྲོང་གསེབ་ཀྱི“བཟོ་སྐྲུན་པ”བྱས་ཤིང་། གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་གཏོང་ཆེད། བྱམས་པས་རང་འགུལ་ངང་གོང་རིམ་སྡེ་ཚན་དང་འབྲེལ་གཏུག་མཐུན་སྦྱོར་བྱས་ཏེ་མ་དངུལ་དང་རྣམ་གྲངས་བརྩོན་ལེན་ཧུར་ཐག་བྱས་ནས་གྲོང་ཚོར་ཨར་འདམ་ལམ་དང་། ཤིང་འཛུགས་ནགས་བཟོ་སོགས་ཀྱི་ལས་གྲྭ་ལག་ལེན་བསྟར་རྒྱུར་སྐུལ་འདེད་བཏང་བ་དང་། མྱུར་སྐྱེལ་ཐུམ་སྒྲིལ་གྱི“ཚའེ་ཉའོ་ས་ཚུགས”ཀྱི་དམངས་ཕན་ཞབས་ཞུའི་ས་ཚིགས་འཛུགས་རྒྱུར་སྐུལ་འདེད་བཏང་ཡོད། གྲོང་མིའི་གཟུགས་པོ་བཀྲུ་དཀའ་བ་དང་གཟུགས་པོ་བཀྲུ་ས་ཐག་རིང་བ་བཅས་ཀྱི་གནད་དོན་ལ་དམིགས་ནས། གྲོང་ཚོ་རིམ་པའི“ཁྲུས་ཁང་ཆུང་ངུར”སྒྱུར་བཀོད་བྱས་ནས། མང་ཚོགས་ཚོས་ཁྱིམ་གྱི་སྒོ་རྩ་ནས་ཆུ་ཚ་པོས་གཟུགས་པོ་བཀྲུ་ཐུབ་པར་བྱས་ཡོད། བུ་བཅོལ་བུ་གསོ་དང་། གཅིག་སྡུད་རྒན་གསོ། ཉིན་མོའི་ལྟ་སྐྱོང་། བདེ་ཐང་དོ་དམ་བཅས་གཞི་གཅིག་ཏུ་འདུས་པའི“རྒན་གཅིག་གཞོན་གཅིག”གི་ཉིན་མོའི་ལྟ་སྐྱོང་ཁང་ཡག་པོ་བསྐྲུན་ཡོད། གྲོང་སྡོད་ལས་དོན་རུ་ཁག་གི་གཞོགས་འདེགས་འོག“ཉིན་བརྒྱ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་བརྟག་ཞིབ་ཆེན་པོ”གཏིང་ཟབ་བྱས་ཏེ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་གྲལ་བཤེར་ཐག་གཅོད་བྱས་ཡོད། མང་ཚོགས་ཀྱི་སྣེ་ཁྲིད་དེ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་དུ་བཏང་ཡོད།

བྱམས་པས་བྲག་སྣེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གྱི་འགན་ཁུར་ཚུན། ལྷག་བསམ་རྣམ་དག་གིས་འགན་འཁྲི་འཁུར་བ་དང་ལས་འགན་ཧུར་ཐག་བསྒྲུབས་ཏེ་གཞི་རིམ་ལས་བྱེད་པའི་འགན་འཁྲི་ལག་ལེན་བསྟར་བ་དང་། དཀའ་སྤྱད་རྔུལ་ཆུར་བརྟེན་ནས་ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་བཏང་བ། དངོས་སྒྲུབ་དང་སྤྲོ་སེམས་ལ་བརྟེན་ནས་བྲག་སྣེ་གྲོང་ཚོའི་མཛེས་མཐུན་གྱི་རྣམ་པ་བཏོད་ཡོད།

(བསྟན་འཛིན་བློ་གྲོས་དང་ཚེ་དབང་ལྷ་མོས་སྒྱུར་ཞུས་བྱས)