《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月01日

སྒེག་ཉམས་ལྡན་པའི་རལ་པ། སྤྲོ་བས་ཁེངས་པའི་ས་མཐོ།

རལ་པ་འཁྲབ་སྐབས་རྔ་རྡུང་བའི་སྒྲ་དང་འགྲོགས་ནས་བུ་མོ་ཚོས་གར་སྟབས་ལང་ལིང་དུ་བསྒྱུར་བ་དང་སྐྱེས་པ་ཚོས་བདེ་ལྕག་འཁྱུག་པོས་འཕག་མཆོང་རྒྱག་གི་ཡོད། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་ཁྲི་རྡོ་གྲོང་རྡལ་གྱི་སྤང་ཐང་སྟེང་། འུག་པ་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་གིས་རལ་པ་སྦྱོང་བཞིན་ཡོད། ལོ་60ལ་སླེབས་པའི་མཛོ་པ་རལ་པའི་རྒྱུན་འཛིན་པ་ཨ་ཉེ་ཡིས་དགེ་ཕྲུག་གི་སྟངས་སྟབས་ལ་སློབ་སྟོན་བྱེད་ཀྱིན། སྐད་གསང་མཐོན་པོས“གོམ་པ་བརྟན་ཙམ་སྤོས་དང་། རྔ་ཤུགས་ཆེ་ཙམ་རྡུངས་ཤིག”ཅེས་བརྗོད་བཞིན་ཡོད།

2006ལོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་དང་པོའི་མིང་ཐོར་བཅུག་པའི་རལ་པ་ནི་རྔ་བྲོ་ཞིག་ཡིན་ལ། གཞས་མ་གཏམ་དང། ཞབས་བྲོ། རྩལ་རྩེད་བཅས་གཞི་གཅིག་ཏུ་བསྡུས་པའི་ཕྱོགས་བསྡུས་རང་བཞིན་གྱི་འཁྲབ་སྟོན་སྒྱུ་རྩལ་ཞིག་ཀྱང་རེད། སྟེང་ཆེན་རྫོང་ལ“རལ་པའི་སྒྱུ་རྩལ་གྱི་ཕ་ས”ཞེས་པའི་མཚན་སྙན་ལྡན་པ་དང་། རྫོང་ཁོངས་ཀྱི་གྲོང་ཚོ(སྡེ་ཁུལ)68ལ་རལ་པའི་རིག་རྩལ་འཁྲབ་སྟོན་རུ་ཁག་བཙུགས་ཡོད་པ་རེད།

ཨ་ཉེ་ཡིས། “ང་རང་ལོ་14ནས་ཨ་མ་ལགས་དང་མཉམ་དུ་རལ་པ་འཁྲབ་སྟངས་སྦྱངས་པ་ཡིན”ཞེས་བརྗོད་པ་དང་། ཁོང་གི་དྲན་ཤེས་ནང་ཨ་མ་ཞིང་ལས་ཚར་མ་ཐག ཕྲུ་གུ་ཚོས་ཨ་མའི་གམ་དུ་རུབ་སྟེ་རལ་པའི་ལོ་རྒྱུས་ཉན་རྒྱུར་དགའ་བ་དང་། དུས་ཚོད་རིང་པོ་མ་སོང་བར་ཁོང་ཡང་གནའ་ཉམས་ལྡན་པའི་ཞབས་བྲོའི་སྒྱུ་རྩལ་དེ་ལ་དབྱིངས་ཞུགས་ནས་རལ་པ་འཁྲབ་འགོ་ཚུགས་པ་དང་། ད་བར་རལ་པ་འཁྲབ་ནས་ལོ་46སོང་ཡོད།

མི་ལོ་དྲུག་ཅུར་སླེབས་པའི་ཨ་ཉེ་སྔར་རྒྱུན་བཞིན་རལ་པར་དགའ་ཞེན་ཆེ་བ་དང་། ཁོང་གིས“སྐབས་རེ་གར་སྟེགས་འོག་ནས་གཞན་གྱིས་རལ་པ་འཁྲབ་པ་མཐོང་དུས། ང་རང་ཡང་འཁྲབ་འདོད་ཀྱི་བློ་དྲག་པོ་ཞིག་སྐྱེས་ཀྱི་འདུག”ཅེས་བརྗོད། ད་ཆ། ཁོང་གཙོ་བོ་རལ་པའི་འཁྲབ་སྟངས་སློབ་ཁྲིད་དང་རྒྱུན་འཛིན་ལས་ལ་གཞོལ་ཞིང་། ཉེ་བའི་ལོ་ཤས་རིང་དགེ་ཕྲུག་100ལྷག་ཙམ་གསོ་སྐྱོང་བྱས་ཡོད། ཨ་ཉེ་ཡིས་དགེ་ཕྲུག་ཚོས་རལ་པ་དེ་གར་སྟེགས་དེ་བས་ཆེ་བའི་ཐོག་འཁྲབ་ནས་མི་དེ་བས་མང་བས་རལ་པའི་སྒེག་ཉམས་མཐོང་ཐུབ་རྒྱུའི་རེ་སེམས་བཅངས་བཞིན་ཡོད།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། བསྟན་འཛིན་ཉི་ཟླས་པར་བརྒྱབ།