འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་29ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་དཔྱིད་གསར་དུས་ཆེན་རིང་ལས་རེས་བྱེད་མཁན་ལས་བྱེད་པ་དང་ལས་བཟོ་ཚོར་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་དུས་ཆེན་རིང་ལྗོངས་ཡོངས་ཀྱི་ལས་གནས་བརྟན་སྲུང་བྱེད་མཁན་འཐབ་ས་དང་པོའི་ལས་དོན་པར་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཡང་ཞུས་པ་རེད།
“ཚང་མ་དཀའ་ལས་ཁག་སོང་། ཁྱེད་ཚོར་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུ་གི་ཡིན”རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་རུ་ཝང་ཅུན་ཀྲེང་གིས་ལས་རེས་མི་སྣའི་ལས་དོན་སྙན་སེང་གསན་པ་དང་། དུས་ཆེན་རིང་ལྗོངས་ཡོངས་ཀྱི་དཔྱིད་གསར་སྐྱེལ་འདྲེན་དང་འགྲིམ་འགྲུལ་སྐྱེལ་འདྲེན་དང་། བདེ་འཇགས་ཐོན་སྐྱེད། སྤྱི་ཚོགས་བརྟན་ལྷིང་སོགས་ཀྱི་གནས་ཚུལ་བརྙན་ལམ་ནས་བཀོད་གཏོང་གནང་ནས་ལས་རེས་དང་ལས་གནས་བརྟན་སྲུང་བྱེད་མཁན་འཐབ་ས་དང་པོའི་ལས་དོན་པར་དུས་ཆེན་གྱི་འཚམས་འདྲི་ཞུས་གནང་བ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་ནས་ཉེན་བརྡ་རྒྱུན་གཏོང་དང་དོགས་ཟོན་རྒྱུན་གནས་མཐའ་འཁྱོངས་བྱས་ཐོག ཚན་རིག་ཅན་གྱི་ལམ་སྲོལ་དང་རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་ལས་དོན་རྒྱུན་གཏན་ངང་སྒྲུབ་པ་དང་། རྒྱུན་དུ་སྒྲུབ་ཐུབ་པ། གཞི་རིམ་དུ་དོན་འཁྱོལ་བཅས་བྱས་ཏེ། ལྗོངས་ཡོངས་ཀྱི་མི་དམངས་ལ་དུས་བདེ་དང་། ཞི་མཐུན། བརྟན་ལྷིང་བཅས་ཀྱི་དུས་ཆེན་གྱི་རྣམ་པ་དང་སྤྱི་ཚོགས་ཀྱི་ཁོར་ཡུག་གཏོད་དགོས། སྤྱི་པའི་བདེ་འཇགས་ལས་དོན་ལ་ཤུགས་སྣོན་བརྒྱབ་ཐོག་དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བ་དམ་པོར་བཟུང་ནས་བདེ་འཇགས་ཀྱི་འགན་འཁྲི་ནན་དུ་གཏོང་བ་དང་། (པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) བགྲོད་ལམ་འགྲིམ་འགྲུལ་དང་། གྲོང་ཁྱེར་འཁོར་སྐྱོད། མི་ཚོགས་མང་ས་སོགས་གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ལས་རིགས་ལ་དམ་པོར་དམིགས་ནས་བདེ་འཇགས་ཐད་ཀྱི་མི་མངོན་པའི་རྐྱེན་ངན་ལ་ཞིབ་བཤེར་དང་བཅོས་སྒྲིག་གཏིང་ཟབ་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་འཛུགས་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཐོག་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་དཔེ་སྟོན་དང་། འཐབ་ས་དང་པོར་སྐྱོད་པ། སྔོན་ཚུད་ནས་བཀོད་འདོམས། མཐུན་སྦྱོར་ལ་ཤུགས་སྣོན། ལས་རེས་དང་ཕྱིར་བསྐྱོད་སྙན་ཞུ་སོགས་ཀྱི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། འགན་འཁྲི་ལས་གནས་དང་མི་རེ་ངོ་རེའི་ཐོག་དོན་འཁྱོལ་ཐུབ་པ་དང་། ཆ་འཕྲིན་དུས་ཐོག་ཏུ་བརྒྱུད་སྤྲོད་གནད་འཁེལ་ཐུབ་པ། འཕྲལ་སྡོམ་ཐག་གཅོད་མྱུར་ལ་ཕན་ནུས་ལྡན་པ་བཅས་བྱེད་དགོས། མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་གཏོང་གི་དམངས་འཚོ་འགན་ལེན་ལས་དོན་ཏན་ཏིག་བསྒྲུབས་ནས་འབྲུ་སྣུམ་ཤ་ཚལ་སོགས་དམངས་འཚོའི་ཚོང་ཟོག་གི་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་གཏོང་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། ཁྲོམ་རར་ལྟ་འདོམས་དང་ཁྲིམས་སྒྱུར་བྱེད་ཤུགས་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཟ་ཉོ་སྤྱོད་གསུམ་བློ་བདེ་པོ་ཡོང་བར་བྱེད་དགོས།
དེ་རྗེས་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི“དཔྱིད་གསར་དུས་ཆེན་གྱི་ཆ་ཡིག་བྲིས་ནས་སྨོན་འདུན་ཞུ་བ་དང་དཔྱིད་གསར་དུས་ཆེན་བསུ་བའི”བྱེད་སྒོར་ཞུགས་གནང་བ་རེད། ཝང་ཅུན་ཀྲེང་གིས་བྱེད་སྒོ་སྤེལ་ཡུལ་དུ་ཚང་མ་དང་བྱམས་བརྩེའི་སྤེལ་རེས་གནང་བ་དང་དུས་ཆེན་ལ་ལྷན་དུ་རྟེན་འབྲེལ་ཞུས་པ་དང་སྦྲགས། བྱེད་སྒོར་ཞུགས་མཁན་སྤྱི་བདེ་ཉེན་རྟོག་པ་དང་ཡིག་གཟུགས་ལས་དོན་པ་ཡོངས་ལ་བཀྲ་ཤིས་པའི་སྨོན་འདུན་ཞུས་པ་དང་། ཚང་མར་དཔྱིད་གསར་དུས་ཆེན་སྤྲོ་པོ་དང་། ཁྱིམ་ཚང་བདེ་སྐྱིད། ཞི་མཐུན་དཔལ་འཕེལ། བྱ་གཞག་ཡར་ཐོན་བཅས་ཡོང་བའི་སྨོན་འདུན་ཡང་ཞུས་གནང་བ་རེད།
(དམ་ཆོས་མི་ཕམ་གྱིས་བསྒྱུར། བསོད་ནམས་བདེ་སྐྱིད་གཞོན་པས་ཞུས)