《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年01月31日

གཞོན་ནུའི་འཚར་ལོངས་ལ་དོ་ཁུར་བྱས་ནས་དགུན་གསེང་ཕུན་སུམ་ཚོགས་སུ་བཏང་བ།

—— ཁྲེང་ཀོན་ཆུས་ཀྱི་གཅིག་གྱུར་འཛུགས་སྐྲུན་སྡེ་ཁུལ་གྱིས་དགུན་གསེང་གི“ཕྱེད་བཅོལ་འཛིན་གྲྭ”བཙུགས་ནས་ཡུལ་མིའི་དཀའ་ངལ་བསལ་བའི་སྐོར་བཀོད་པ།

དགུན་གསེང་ནི་ཕྲུ་གུ་ཚོའི་རེ་སྒུག་ཁྲོད་ཀྱི་དུས་ཚོད་རིང་ཤོས་ཀྱི་ངལ་གསོའི་དུས་ཚོད་ཅིག་ཡིན། འོན་ཀྱང་ཕ་མ་གཉིས་ཀ་ལས་བཟོ་ཡིན་པའི་ཁྱིམ་ཚང་ལ་ཕྲུ་གུར་ལྟ་སྐྱོང་བྱེད་མཁན་མེད་པའི་དཀའ་ངལ་འཕྲད་ཡོད། གནད་དོན་དེ་ཐག་གཅོད་འོས་འཚམ་བྱ་རྒྱུ་ནི་སྡེ་ཁུལ་དོ་དམ་པའི་མདུན་དུ་ལྷགས་པའི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཞིག་རེད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀརྨ་དགོན་གསར་ཁྲོམ་གཞུང་གཅིག་གྱུར་འཛུགས་སྐྲུན་སྡེ་ཁུལ་གྱིས་ཡུལ་མིའི་དགོས་མཁོ་དང་ལེན་ཧུར་ཐག་ཞུས་ཏེ་བརྟག་དཔྱད་གཏིང་ཟབ་དང་གྲ་སྒྲིག་ཞིབ་ཚགས་བྱས་པ་བརྒྱུད། གསར་གཏོད་རང་བཞིན་གྱི་སྒོ་ནས་དགུན་གསེང་གི“ཕྱེད་བཅོལ་འཛིན་གྲྭ”བཙུགས་ནས་ཕྲུ་གུ་ཚོར་བདེ་འཇགས་དང་། སྐྱོན་བྲལ། སྤྲོ་སྐྱིད་བཅས་ལྡན་པའི་སློབ་སྦྱོང་དང་འཚར་ལོངས་ཀྱི་ལས་སྟེགས་ཤིག་བསྐྲུན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། དགུན་གསེང་སླེབས་པ་དང་བསྟུན་ནས་གྲོང་མི་ཨུ་ལྷན་ལ་གཅིག་གྱུར་འཛུགས་སྐྲུན་སྡེ་ཁུལ་གྱི་ཡུལ་མིས་གཅིག་རྗེས་གཉིས་མཐུད་ངང་ཕ་མ་གཉིས་ཀ་ལས་ཀར་འགྲོ་དགོས་པས་དགུན་གསེང་རིང་ཕྲུ་གུར་ལྟ་སྐྱོང་བྱེད་མཁན་མེད་པ་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཡོད་ཁར། ད་དུང་ཕྲུ་གུའི་སློབ་སྦྱོང་དང་སྤྱི་ཚོགས་ཀྱི་འབྲེལ་འདྲིས་ཡར་རྒྱས་ལའང་ཤུགས་རྐྱེན་ངན་པ་ཐེབས་སྲིད་པའི་སྙན་སེང་འབྱོར་ཡོད། ཡོངས་ཁྱབ་ཏུ་གནས་པའི་དཀའ་གནད་དེར་དམིགས་ཏེ་སྡེ་ཁུལ་གྱིས་ཚད་མཐོའི་མཐོང་ཆེན་བྱས་ནས་མགྱོགས་མྱུར་བྱ་སྤྱོད་སྤེལ་ཏེ་དགུན་ཁའི་གུང་གསེང་གི“ཕྱེད་བཅོལ་འཛིན་གྲྭ”བཙུགས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཡུལ་མིའི་དཀའ་ངལ་སེལ་རྒྱུའི་ཐག་བཅད་པ་རེད།

“ཕྱེད་བཅོལ་འཛིན་གྲྭ”བདེ་བླག་ངང་འཛུགས་ཐུབ་ཆེད། གཅིག་གྱུར་འཛུགས་སྐྲུན་སྡེ་ཁུལ་གྱིས་གྲ་སྒྲིག་ལས་དོན་འབོར་ཆེན་བསྒྲུབས་ཡོད། སྡེ་ཁུལ་གྱིས་ཉམས་མྱོང་ཕུན་སུམ་ཚོགས་པའི་སྡེ་ཁུལ་གྱི་ལས་ཀ་བྱེད་མཁན་མང་པོ་ལས་གྲུབ་པའི་ཆེད་དོན་ལས་དོན་ཚོགས་ཆུང་བཙུགས་ཏེ། “ཕྱེད་བཅོལ་འཛིན་གྲྭའི”སྤྱི་ཡོངས་ཀྱི་འཆར་འགོད་དང་ཞིབ་ཕྲའི་ལག་བསྟར་གྱི་འགན་ཁུར་གྱི་ཡོད་པ་རེད། ལས་དོན་ཚོགས་ཆུང་གིས“ཕྱེད་བཅོལ་འཛིན་གྲྭ”གཉེར་བའི་འདུ་ཤེས་གསལ་པོ་བཟོས་པ་མ་ཟད། སློབ་ཚན་བཀོད་སྒྲིག་དང་། དགེ་རྒན་སྒྲིག་འཛུགས། བདེ་འཇགས་འགན་ལེན་བྱེད་ཐབས་སོགས་ཀྱི་ནང་དོན་ཞིབ་ཕྲ་ཡང་བཟོས་པ་རེད།

སློབ་ཚན་བཀོད་སྒྲིག་ཐད། ལས་དོན་ཚོགས་ཆུང་གིས་ཕྲུ་གུའི་ལོ་ནའི་ཁྱད་ཆོས་དང་དགའ་ཕྱོགས་ལ་བསམ་གཞིག་གང་ལེགས་བྱས་ཏེ་སྣ་མང་ཕུན་སུམ་ཚོགས་པའི་སློབ་ཚན་རབ་དང་རིམ་པ་ཇུས་འགོད་ཞིབ་ཚགས་བྱས་ཤིང་། སློབ་ཚན་དེ་དག་ནང་རིག་གནས་སློབ་སྦྱོང་དང་། དང་བླངས་ཞབས་ཞུ། ལུས་རྩལ་སྦྱོང་བརྡར་སོགས་ཚུད་ཡོད་པ་དང་དེའི་དམིགས་ཡུལ་ནི་ཕྲུ་གུའི་ཕྱོགས་ཡོངས་ཀྱི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་ཆེད་ཡིན་པ་རེད། དཔེར་ན། རིག་གནས་སློབ་སྦྱོང་གི་སློབ་ཚན་ནང་སྐད་ཡིག་དང་། རྩིས་རིག དབྱིན་ཡིག་སོགས་རྨང་གཞིའི་རིག་ཚན་ཚུད་ཡོད་ལ་དེའི་དམིགས་ཡུལ་ནི་ཕྲུ་གུ་ཚོས་སྦྱངས་པའི་ཤེས་བྱ་སྲ་བརྟན་དང་རྒྱ་སྐྱེད་གཏོང་བར་རོགས་རམ་ཐུབ་ཆེད་རེད། དང་བླངས་ཞབས་ཞུའི་སློབ་ཚན་གྱིས་ཕྲུ་གུ་ཁྱིམ་ནས་ཐོན་ཏེ་སྡེ་ཁུལ་གྱི་སྤྱི་ཕན་བྱེད་སྒོར་ཞུགས་པར་ལྕག་སྐུལ་གྱིས་ཁོང་ཚོའི་སྤྱི་ཚོགས་ཀྱི་འགན་འཁྲི་ཁུར་སེམས་དང་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་སྐྱེད་སྲིང་བྱ་ཆེད་རེད། ལུས་རྩལ་སྦྱོང་བརྡར་སློབ་ཚན་གྱིས་ཕྲུ་གུའི་ལུས་སེམས་བདེ་ཐང་ལ་སྣང་ཆེན་གྱིས་སྤྲོ་སྣང་ལྡན་པའི་ལུས་རྩལ་བྱེད་སྒོ་བརྒྱུད་ཁོང་ཚོའི་ལུས་རྩལ་གྱི་སྤྲོ་སྣང་འཕེལ་བར་བྱས་ནས་གཟུགས་གཞི་ཐང་དུ་གཏོང་ཆེད་རེད།

དགེ་རྒན་བཀོད་སྒྲིག་ཐད། གཅིག་གྱུར་འཛུགས་སྐྲུན་སྡེ་ཁུལ་གྱིས་སྡེ་ཁུལ་ཕྱི་ནང་གི་ཐོན་ཁུངས་བསྡུ་སྒྲིལ་ཧུར་ཐག་བྱས་ནས་སྡེ་ཁུལ་གྱི་ལས་དོན་པ་དང་། དང་བླངས་པ། ཆེད་ལས་དགེ་རྒན་བཅས་ལས་གྲུབ་པའི་སློབ་ཁྲིད་ཚོགས་པ་ཞིག་བཙུགས་ཤིང་། དགེ་རྒན་དེ་དག་ལ་སློབ་གསོ་དང་སློབ་ཁྲིད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ལྡན་པ་མ་ཟད། ད་དུང་ཕྲུ་གུ་དང་འབྲེལ་འདྲིས་བྱེད་པར་ཡང་མཁས་པོ་ཡོད།

ཁོང་ཚོས་བློ་རྩེ་གཅིག་སྒྲིམས་ཀྱིས་སློབ་ཁྲིད་བྱེད་པ་དང་། ཕྲུ་གུ་ཚང་མའི་འཚར་ལོངས་ཀྱི་དགོས་མཁོར་དོ་ཁུར་བྱེད་པ། ངང་རྒྱུད་རིང་བ་དང་བརྩེ་སེམས་ཟབ་མོ་བཅས་ལ་བརྟེན་ནས། བྱིས་པར་དྲོ་སྐྱིད་དང་འཆམ་མཐུན་གྱི་སློབ་སྦྱོང་དང་འཚར་ལོངས་ཀྱི་ཁོར་ཡུག་ཅིག་བསྐྲུན་ཡོད། “ཕྱེད་བཅོལ་འཛིན་གྲྭར”བྱིས་པ་ཚོས་ཤེས་བྱ་སྦྱོང་ཐུབ་པ་མ་ཟད། ད་དུང་དགེ་རྒན་དང་སློབ་གྲོགས་ཀྱི་གཅེས་སེམས་དང་དྲོ་སྐྱིད་ཡང་ཚོར་ཡོད།

བདེ་འཇགས་འགན་སྲུང་ནི“ཕྱེད་བཅོལ་འཛིན་གྲྭ”འཛུགས་པའི་གལ་ཆེའི་ནང་གི་འགངས་ཆེ་ཞིག་ཡིན། དེའི་ཐད་གཅིག་གྱུར་འཛུགས་སྐྲུན་སྡེ་ཁུལ་གྱིས་བདེ་འཇགས་དོ་དམ་ལམ་ལུགས་ནན་པོ་བཟོས་ཡོད། དེའི་ནང་ས་ཆའི་བདེ་འཇགས་ཞིབ་བཤེར་དང་། སྐྱེལ་བསུ་ཐོ་འགོད། ཛ་དྲག་སྔོན་ཇུས་སོགས་ཚུད་ཡོད། སྡེ་ཁུལ་གྱིས་དུས་བཀག་ལྟར“ཕྱེད་བཅོལ་འཛིན་གྲྭའི”ས་ཆར་བདེ་འཇགས་ཞིབ་བཤེར་བྱས་ནས་སྒྲིག་བཀོད་དང་སྒྲིག་ཆས་ལ་ཆད་སྐྱོན་མེད་པའི་འགན་ལེན་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་སྡེ་ཁུལ་གྱིས་ཁྱིམ་བདག་སྒྲིག་འཛུགས་བྱས་ནས“ཕྱེད་བཅོལ་འཛིན་གྲྭའི”བདེ་འཇགས་གྲོས་མཐུན་ཡི་གེར་མིང་རྟགས་བཀོད་དེ་ཕྱོགས་གཉིས་པོའི་འགན་འཁྲི་དང་འོས་འགན་ཁ་གསལ་བཟོས་ནས། ཁྱིམ་བདག་གི་བདེ་འཇགས་ཚོར་སྣང་དང་ཡིད་ཆེས་ཀྱི་བསམ་པ་ཤུགས་ཆེར་གཏོང་གི་ཡོད། “ཕྱེད་བཅོལ་འཛིན་གྲྭ”ཚོགས་རིང་སྡེ་ཁུལ་གྱི་ལས་དོན་པ་དང་དང་བླངས་པས་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་འགན་འཁྲི་ཁུར་སེམས་དང་དོགས་ཟོན་གྱི་བསམ་པ་རྒྱུན་འཁྱོངས་བྱས་ནས། བྱིས་པའི་བདེ་འཇགས་ལ་སེམས་ཁྲལ་མི་ཡོང་བའི་འགན་ལེན་བྱེད་ཀྱི་ཡོད།

དུས་ཡུན་གང་མཚམས་ཤིག་གཉེར་སྐྱོང་བྱས་པ་བརྒྱུད“ཕྱེད་བཅོལ་འཛིན་གྲྭར”ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། ཕྲུ་གུ་ཚོས“ཕྱེད་བཅོལ་འཛིན་གྲྭར”ཤེས་བྱ་ཕུན་སུམ་ཚོགས་པོ་ཤེས་པ་མ་ཟད། ད་དུང་གྲོགས་པོ་གསར་པ་མང་པོ་ཞིག་ཀྱང་བསྒྲིགས་ཡོད། ཁོང་ཚོས་སློབ་ཚན་དང་བྱེད་སྒོ་སྣ་ཚོགས་ལ་ཧུར་ཐག་ཞུགས་ནས་ཧུར་བརྩོན་ཡར་རྒྱས་ཀྱི་བསམ་པའི་ཉམས་འགྱུར་དང་སློབ་སྦྱོང་གི་གོམས་གཤིས་བཟང་པོ་མངོན་ཡོད། ཁྱིམ་བདག་གིས་ཕྲུ་གུ་ཚོས“ཕྱེད་བཅོལ་འཛིན་གྲྭར”སློབ་སྦྱོང་བྱེད་རིང་ཤེས་བྱ་ཕུན་སུམ་ཚོགས་སུ་འགྲོ་བ་དང་སྐྱིད་པོ་ཡོང་ཐུབ་པས་སྡེ་ཁུལ་གྱི་བྱེད་སྟངས་དེར་ང་ཚོ་ཧ་ཅང་མོས་མཐུན་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད། ཁྱིམ་བདག་འགའ་རེས་ཕྲུ་གུ“ཕྱེད་བཅོལ་འཛིན་གྲྭར”བཏང་རྗེས་ཕྲུ་གུའི་གདེང་ཚོད་ཆེ་རུ་དང་སེམས་ཁམས་ཡངས་སུ་ཕྱིན་ནས་མི་དང་འབྲེལ་འདྲིས་དང་སྤེལ་རེས་བྱེད་སེམས་ཀྱང་ཆེ་རུ་ཕྱིན་འདུག་ཅེས་བཤད།

འབྱུང་འགྱུར་ལ་རྒྱང་ལྟ་བྱས་ཚེ་གཅིག་གྱུར་འཛུགས་སྐྲུན་སྡེ་ཁུལ་གྱིས་ཞབས་ཞུའི་རྣམ་པ་དེ་མུ་མཐུད་གཏིང་ཟབ་ཏུ་བཏང་ནས“ཕྱེད་བཅོལ་འཛིན་གྲྭའི”དོ་དམ་དང་ཞབས་ཞུ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་རྒྱུ་རེད། སྡེ་ཁུལ་གྱིས་སློབ་གྲྭ་དང་། ཁྱིམ་བདག སྤྱི་ཚོགས་ལས་རིགས་ཁག་བཅས་དང་འབྲེལ་གཏུག་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་བྱིས་པ་ཚོར་གུང་གསེང་གི་སློབ་སྦྱོང་དང་འཚོ་བའི་ཁོར་ཡུག་ཕུན་སུམ་ཚོགས་པོ་ཞིག་གཏོད་རྒྱུ་རེད། དེ་དང་ཆབས་ཅིག སྡེ་ཁུལ་གྱིས“ཕྱེད་བཅོལ་འཛིན་གྲྭའི”རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཧུར་ཐག་བྱ་རྒྱུ་ཡིན་པ་དཔེར་ན། སྤྱི་ཚོགས་ཀྱི་མ་དངུལ་འདྲེན་པ་དང་ཞབས་ཞུའི་ནང་དོན་རྒྱ་སྐྱེད་གཏོང་བ་སོགས་བྱས་ཏེ། “ཕྱེད་བཅོལ་འཛིན་གྲྭ”ཡུན་རིང་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱས་ནས་སྡེ་ཁུལ་གྱི་ཁྱིམ་ཚང་དེ་བས་མང་བར་སྟབས་བདེ་དང་རོགས་རམ་བྱེད་རྒྱུ་རེད།

(གནམ་ཕྱུག་རྒྱལ་དང་བསྟན་འཛིན་བཟང་མོས་སྒྱུར་ཞུས་བྱས)