《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年01月30日

ང་ཚོས་རྒྱལ་ཡོངས་མི་དམངས་ལ་ལོ་གསར་གྱི་སྨོན་འདུན་ཞུ།

སྐམ་ཐོག་གྲོང་རྡལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་བརྗོད་དོན། འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་སྐྱིད་དུ་འགྲོ་བཞིན་ཡོད། ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྐམ་ཐོག་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བསམ་གཏན་གྱིས“ལོ་དེ་དག་རིང་། ཡུལ་མི་ཚོས་དམིགས་བསལ་གྱི་གསར་བརྗེའི་རིག་གནས་དང་། རང་བྱུང་ཁམས་ཀྱི་མཛེས་ལྗོངས། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་བཅས་ལ་བརྟེན་ནས་ཡུལ་སྐོར་བ་སྔར་ལས་མང་བ་སྐམ་ཐོག་གྲོང་ཚོར་ཡུལ་སྐོར་བྱེད་པར་འོང་རྒྱུའི་ཡིད་དབང་བཀུག་ཡོད། ད་ཆ་ཚང་མའི་ཡོང་འབབ་ཇེ་མང་དུ་སོང་ནས་འཚོ་བ་ཉིན་བཞིན་སྐྱིད་དུ་འགྲོ་བཞིན་ཡོད། དེ་དག་ནི་དམག་སྡེ་བཅོ་བརྒྱད་པ་བོད་ལ་དཔུང་སྐྱོད་བྱེད་ཞོར་གཞུང་ལམ་བཟོས་ནས་ང་ཚོ་བདེ་སྐྱིད་འཚོ་བར་བསྐྱོད་སའི་ལམ་ཞིག་བཤངས་པས་རེད”ཅེས་དགའ་བའི་འཛུམ་མདངས་འཕྱུར་བཞིན་དུ་གསར་འགོད་པར་བཤད། ན་ནིང་། སྐམ་ཐོག་གྲོང་ཚོར“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ”ཀྱི་མཚན་སྙན་ཐོབ་ནས་ལྗོངས་ཡོངས་ཀྱི་གསར་བརྗེའི་སློབ་གསོ་རྟེན་གཞིའི་དཔེ་མཚོན་ཞིག་ཏུ་གྱུར་ལ། ད་ལོར་སྐམ་ཐོག་གྲོང་ཚོས་དེ་བས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་བརྒྱུད་རྒྱལ་ཡོངས་ཀྱི་མི་དམངས་ལ་ལོ་གསར་གྱི་སྨོན་འདུན་བཟང་པོ་ཞུས། སྐམ་ཐོག་གྲོང་ཚོའི་ཕུན་ཚོགས་སྟོབས་རྒྱལ་གྱིས“རྒྱལ་ཡོངས་ཀྱི་ལྟད་མོ་བ་ཚོས་སྐམ་ཐོག་གྲོང་ཚོའི་རྣམ་པ་གསར་པ་མཐོང་སྐབས་ང་རང་སྤོབས་པ་ཆེན་པོ་སྐྱེས་བྱུང་། དེ་ནི་ཏང་དང་རྒྱལ་ཁབ་ཀྱིས་ང་ཚོར་ཐུགས་ཁུར་དང་ཁས་ལེན་གནང་བ་ཞིག་རེད་ལ། ང་ཚོ་མུ་མཐུད་མདུན་སྐྱོད་བྱེད་པའི་སྒུལ་ཤུགས་ཤིག་ཀྱང་ཡིན་པས། ང་ཚོས་ཐོག་མའི་བསམ་འདུན་མི་བརྗེད་པར་སྐམ་ཐོག་གྲོང་ཚོའི་འབྱུང་འགྱུར་སྔར་བས་མཛེས་སྡུག་ལྡན་པ་དང་མེས་རྒྱལ་དར་རྒྱས་ཡོང་བར་རང་ནུས་ལེགས་སྐྱེས་འབུལ་གྱི་ཡིན”ཞེས་མྱོང་ཚོར་ཟབ་མོས་བཤད།

ཡུལ་སྨད་ཤང་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་བརྗོད་དོན། ལྷན་རྒྱས་བོད་དུ་ཕེབས་པར་དགའ་བསུ་ཞུ། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་ལས་བྱེད་ལས་བཟོ་ལིའུ་ཀོང་ནི་ཀུའེ་ཀྲོའུ་ཞིང་ཆེན་པི་ཅེ་གྲོང་ཁྱེར་ཀྲེ་ཅིན་རྫོང་ནས་ཡིན་པ་དང་2022ལོར་ཡུལ་སྨད་དུ་ལས་ཀ་བྱེད་པར་སླེབས་ཤིང་། ཁོང་གིས། ལས་ཀར་ཞུགས་པའི་ལོ་དེ་དག་རིང་གི་མྱོང་ཚོར་ཟབ་ཤོས་ནི་ཤང་གི་མི་འབོར་རྒྱུན་ཆད་མེད་པར་མང་དུ་ཕྱིན་ཏེ་མཐའ་མཚམས་ཀྱི་ཤང་ཆུང་ངུ་ཞིག་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་འབྱོར་འབྲིང་ཤང་ཞིག་ཏུ་འཕེལ་རྒྱས་ཕྱིན་པ་དེ་རེད་འདུག མིག་སྔར་ཤང་ཡོངས་སུ་དུད་ཚང་67དང་མི་250ལྷག་ཙམ་ཡོད་པ་དང་། དེའི་ཁོངས་གཏོགས་སུ་སྲིད་འཛིན་གྲོང་ཚོ་ཡུལ་སྨད་དང་སྨྱུག་གླིང་ཐང་གཉིས་ཡོད་ཅེས་གསར་འགོད་པར་ངོ་སྤྲོད་བྱས། ཡུལ་སྨད་གྲོང་ཚོའི་ཡུལ་མི་བློ་བཟང་ནོར་བུས“ད་ཆ་ང་ཚོའི་ཤང་དུ་སྣུམ་ནག་ལམ་དང་གློག་དྲ་ཚང་མ་ཤར་གཏོང་ཐུབ་པས། དགུན་དུས་གངས་ཆེན་པོ་བབས་ནའང་ཕྱིར་འགྲོ་མི་ཐུབ་པའི་སེམས་ཁྲལ་བྱེད་དགོས་མི་འདུག”ཅེས་གསར་འགོད་པར་བརྗོད། “ད་ལོའི་དཔྱིད་གསར་དུས་ཆེན་མཚན་ཚོགས་ཀྱི་ཡན་ལག་ཚོགས་ར་བོད་ལྗོངས་ལྷ་སར་གཉེར་རྒྱུ་ཡིན་པས། ཡུལ་འདི་གའི་མི་ཞིག་ཡིན་པའི་ངོས་ནས་ང་རང་སྤོབས་པ་ཆེན་པོ་སྐྱེ་གི་འདུག ལྷན་རྒྱས་བོད་ལྗོངས་དང་ཡུལ་སྨད་དུ་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ་གི་ཡིན”ཞེས་བློ་བཟང་ནོར་བུས་བརྗོད། ཡུལ་སྨད་ཤང་གི་ལས་བྱེད་པ་དང་མང་ཚོཌ་ཚོར་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ཐོག རྒྱལ་ཡོངས་མི་དམངས་ལ་དཔྱིད་གསར་དུས་ཆེན་གྱི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་བྱུང་བ་དེ་ཐོག་ནས“ཏང་གི་འོད་ཟེར་མཐའ་མཚམས་ཕྱོགས་སུ་འཕྲོ། མཐའ་མཚམས་མི་དམངས་སེམས་པ་ཏང་ལ་ཕྱོཌ”ཞེས་པའི་མཛེས་རིས་གསོན་ཉམས་དོད་པོས་མངོན་ཡོད་པ་རེད།

《ཉི་འོད་གྲོང་ཁྱེར》གྱི་འཁྲབ་སྟོན་པས་བརྗོད་དོན། ཕུགས་བསམ་དོན་གཉེར་གྱིས་རང་ཉིད་ཀྱི་རིན་ཐང་མངོན་འགྱུར་བྱེད་ཀྱི་ཡིན། ལོ་རྙིང་ཕར་ལ་བསྐྱལ་ཞིང་ལོ་གསར་ཚུར་ལ་བསུ་བའི་མཚམས་སུ་ལྷ་ས་གྲོང་ཁྱེར་གྱི་གནའ་བོའི་སྐྲུན་དངོས་ཀྱི་སྒོ་ར་ཆེ་མོ་56གི་གྲས་ཤིག་ཡིན་པའི་མཆོད་ཟུར་སྒོ་ར་ཆེ་མོའི་ནང《ཉི་འོད་གྲོང་ཁྱེར》འཁྲབ་ཚན་ཚོགས་ཆུང་གི་ཁོངས་མི་ཚོས་དགའ་སྤྲོ་དཔག་མེད་དང་དྲིན་ཚོར་གྱི་བསམ་པ་འཆང་བཞིན་ཡོད་ཚད་ཀྱི་འགོ་འཛུགས་ས་ལྷ་སར་ལོག་སྟེ། ལྒང་བཞུ་དམར་པོའི་དྲོ་སྐྱིད་ཀྱི་འོད་སྣང་དང་། ཅོག་ཙེའི་ཐོག་གི་བོད་བཟོའི་རྒྱ་ཁོག ཕོར་པའི་ནང་གི་ཇ་བསྲུབས་མའི་དྲི་ཞིམ་བཅས་དང་འགྲོགས་ནས་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་བརྒྱུད་རྒྱལ་ཡོངས་མི་དམངས་ལ་དཔྱིད་གསར་དུས་ཆེན་གྱི་བཀྲ་ཤིས་སྨོན་འདུན་ཞུས། ལག་བསྟར་པར་གཞི་གཉེར་མཁན་ལི་ཀྲེན་གྱིས། ཉི་འོད་འོག་ཕུགས་འདུན་དོན་གཉེར་བྱེད་པ་དང་ས་མཐོར་རང་ཉིད་ཀྱི་རིན་ཐང་མངོན་འགྱུར་བྱེད་ཀྱི་ཡིན་ཞེས་བརྗོད། 《ཉི་འོད་གྲོང་ཁྱེར》ནང་གི་ཆོས་འཛོམས་འཁྲབ་མཁན་གྱི་དབང་སྒྲོན་མཚོས། 《ཉི་འོད་གྲོང་ཁྱེར》འཁྲབ་ཚན་ཚོགས་ཆུང་གི་མི་རིགས་མི་འདྲ་བའི་གྲོགས་པོ་དང་མཉམ་དུ་ལྷ་ས་དང་བོད་ཀྱི་ཚབ་ཞུས་ནས་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ལ་ཞུགས་ཏེ། ཚང་མར་དཔྱིད་གསར་དུས་ཆེན་གྱི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། “ང་ཚོས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་2025ལོའི་དཔྱིད་གསར་དུས་ཆེན་མཚན་ཚོགས་ཀྱི་བོད་ལྗོངས་ལྷ་སའི་ཡན་ལག་ཚོགས་ར་ནས་རྒྱལ་ཡོངས་མི་དམངས་ལ་དཔྱིད་གསར་དུས་ཆེན་གྱི་བཀྲ་ཤིས་སྨོན་འདུན་ཞུ་གི་ཡིན། ལོ་གསར་བཀྲ་ཤིས་བདེ་ལེགས”ཞེས་བརྗོད་པ་རེད།

བོད་སྐྱོར་ལས་བྱེད་པའི་འཐུས་མིས་བརྗོད་དོན། བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན། “ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་ཁག་བཅུ་པའི་རུ་མི་ཞེ་ཡའོ་ནི་པེ་ཅིང་སློབ་ཆེན་སྨན་ཁང་དང་པོའི་བྱིས་པའི་གསོ་རིག་ལྟེ་གནས་ནས་ཡོང་བ་དང་། མིག་སྔར་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་བོད་སྐྱོར་ལས་དོན་སྤེལ་བཞིན་ཡོད། ལོ་གསར་གནམ་གང་གི་དགོང་མོར་ཁོང་དང་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་མང་པོ་མཉམ་དུ་ཞུགས་ནས་དཔྱིད་གསར་དུས་ཆེན་མཚན་ཚོགས་ཀྱི་བོད་ལྗོངས་ལྷ་སའི་ཡན་ལག་ཚོགས་རར་དུས་ཆེན་དགའ་གཏོང་བྱས་པ་དང་། ཁོང་གིས་ཁྱིམ་ཚང་ཚང་མར་བདེ་སྐྱིད་ཡོང་བ་དང་མེས་རྒྱལ་སྔར་བས་སྟོབས་འབྱོར་ལྡན་པའི་སྨོན་འདུན་ཞུས་པ་རེད། 2022ལོར་ཝང་ཆི་ཀྲུང་དབྱང་རྩ་འཛུགས་པུའི་ཁག་བཅུ་པ་དང་ཀྲུང་གོ་ཀྲུང་ཧ་ཚོགས་པའི་བོད་སྐྱོར་ལས་བྱེད་པ་ཁག་བརྒྱད་པའི་ངོས་ནས་བོད་དུ་ལས་ཀར་ཡོང་ཞིང་། ད་ཆ་གཞིས་རྩེ་གྲོང་ཁྱེར་སྲིད་གཞུང་གི་དྲུང་ཆེ་གཞོན་པ་དང་། གམ་པ་རྫོང་ཨུད་ཀྱི་རྒྱུན་ཨུ། རྫོང་དཔོན་གཞོན་པ་བཅས་རེད། ཁོང་གིས་ས་མཐོ་ནས་ལྷག་བསམ་རྣམ་དག་གིས་རླབས་ཆེན་མེས་རྒྱལ་དར་རྒྱས་ཡོང་བ་དང་། མི་རིགས་ཁག་གི་མི་དམངས་བདེ་སྐྱིད་ཁམས་བཟང་ཡོང་བ། རྒྱལ་ཡོངས་མི་རིགས་ཁག་གི་མང་ཚོགས“སེ་འབྲུ་མངར་མོ”ལྟ་བུའི་འཚོ་བ་བདེ་ཞིང་སྐྱིད་པ་ཡོང་བའི་སྨོན་འདུན་ཞུས་པ་རེད། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་རིག་གནས་སྒྱུར་འཕེལ་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཡན་ཐིང་ཞུའེ་ཡིས། བོད་སྐྱོར་བྱས་པ་བརྒྱུད་ང་རང་མི་སྒེར་གྱི་འབད་འཐབ་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་ནང་འདྲེས་པ་དང་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་ཡོང་བར་སྟོབས་ཤུགས་ལེགས་སྐྱེས་འབུལ་བའི་གོ་སྐབས་རག་པ་ནི་ངའི་མི་ཚེའི་ཁྲོད་ཀྱི་གཟི་བརྗིད་ཅིག་ཡིན་ཞེས་བརྗོད།

ལོ་ལྟར་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་མཚན་ཚོགས་ཀྱི་མཚན་མོའི་ཆུ་ཚོད་བཅུ་གཉིས་པ་ཟིན་པའི་སྒྲ་བསྒྲགས་པའི་དུས་མཚམས་ནི་སྐྱེ་བོ་ཚང་མས་རེ་སྒུག་བྱ་ཡུལ་དུ་གྱུར་ཡོད།

ད་ལོའི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་བྱེད་སྒོ་ས་མཐོར་སྤེལ་ཞིང་། ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྐམ་ཐོག་གྲོང་རྡལ་གྱི་མང་ཚོགས་དང་། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས། བརྙན་འཕྲིན་ལེ་ཚན《ཉི་འོད་གྲོང་ཁྱེར》གྱི་འཁྲབ་སྟོན་པ། བོད་སྐྱོར་ལས་བྱེད་པ་9བཅས་ཀྱིས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཚབ་ཞུས་ནས་མཚན་མོའི་ཆུ་ཚོད་བཅུ་གཉིས་པའི་སྐབས་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ཀྱི་གར་སྟེགས་བརྒྱུད། རྒྱལ་ཡོངས་མི་དམངས་ལ་མེས་རྒྱལ་མངའ་ཐང་རྒྱས་པ་དང་མི་དམངས་བདེ་སྐྱིད་ཁམས་བཟང་ཡོང་བའི་ལོ་གསར་གྱི་བཀྲ་ཤིས་སྨོན་འདུན་ཞུས།