ཕོ་བྲང་པོ་ཏ་ལ་རྒྱབ་ལྗོངས་སུ་བྱེད་དོན་གང་ཡིན་ནམ།
དཔྱིད་གསར་དུས་ཆེན་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་གྱི་དུས་ཆེན་གྲ་རྒྱས་ཤོས་དེ་རེད། ད་ལོ་ནི་དཔྱིད་གསར་དུས་ཆེན་མངོན་མིན་རིག་གནས་ཤུལ་བཞག་ལ་འདུན་ཞུ་ལེགས་གྲུབ་བྱུང་རྗེས་གཉེར་བའི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་སྐབས་དང་པོ་དེ་རེད། 1994ལོར་ཕོ་བྲང་པོ་ཏ་ལ་འཛམ་གླིང་རིག་གནས་ཤུལ་བཞག་ལ་བདམས་ཤིང་། འཛམ་གླིང་རིག་གནས་ཤུལ་བཞག་གཉིས་མཉམ་དུ་འཛོམས་སྐབས་དམིགས་བསལ་གྱི་ཁྱད་ཆོས་གང་འདྲ་ཞིག་ལྡན་ཡོད་དམ་ཞེ་ན།
ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་2025ལོའི་དཔྱིད་གསར་དུས་ཆེན་གྱི་བོད་ལྗོངས་ལྷ་སའི་ཡན་ལག་ཚོགས་རའི་མཚོན་རྟགས་དེ“དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས·བཀྲ་ཤིས་བདེ་ལེགས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། དབུས་སུ་ཕོ་བྲང་པོ་ཏ་ལ་དང་གངས་རི་བཞག་སྟེ་བོད་ཀྱི་ཁྱད་ཆོས་མངོན་པར་བྱས་པ་དང་། ཕྱི་དབྱིབས་སྒོར་མོ་བཟོས་ནས་མཉམ་འཛོམས་ཀྱི་ནང་དོན་མངོན་པར་བྱས་པ། ཕྱོགས་བཞིར་ལྕགས་རི་རིང་པོས་བརྒྱན་ནས་བོད་དང་མེས་རྒྱལ་ཁ་འབྲལ་ཐབས་མེད་པ་མཚོན་པར་བྱས་ཡོད།
བོད་ལྗོངས་ལྷ་སའི་ཡན་ལག་ཚོགས་རའི་གར་སྟེགས་མཛེས་རྩལ་གྱི་ཇུས་འགོད་པ་ཐང་ཡུང་གིས། ས་བབ་སྨི་3650ཡི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་གར་སྟེགས་སྒོར་མོ་ཆེན་པོ་ཞིག་བརྒྱབ་པ་དེས་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོའི་དབར་སྤུན་ཟླའི་བརྩེ་བ་ཟབ་པ་དང་མཐུན་སྒྲིལ་འབད་འཐབ་བྱེད་པའི་སྟོབས་ཤུགས་དང་སེམས་པ་མཚོན་ཡོད།
“2016ལོ་ནས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ཀྱི་ཡན་ལག་ཚོགས་ར་གཉེར་ཚུན། བོད་ལྗོངས་ལྷ་སའི་ཡན་ལག་ཚོགས་རར་ཉིན་མོའི་མཛེས་ལྗོངས་ཐོག་མར་སྤྱད་ཡོད” ལེ་ཚན་ཚོགས་ཆུང་གིས“དགུན་དུས་བོད་ལ་ཡུལ་སྐོར་བྱེད་པ”དྲིལ་བསྒྲགས་བྱ་ཆེད། བོད་ཀྱི་གྲོང་ཁྱེར(ས་ཁུལ)བདུན་གྱི་མཛེས་ལྗོངས་དང་། རྒྱན་གོས། ཞབས་བྲོ་བཅས་ཡག་ཤོས་གཅིག་སྡུད་བྱས་ཡོད། དཔེར་ན། མངའ་རིས་རྩྭ་མདའི་བྲུ་རོང་དང་། སྤུ་ཧྲེང་གི་ཤོན། ལྷོ་ཁའི་ཡར་འབྲོག་གཡུ་མཚོ། གྲ་ནང་གི་སྣམ་བུ་དཀར་ནག ཆབ་མདོའི་ལ་སྒོ་འཁྱག་རོམ་བཅས་རེ་རེ་བཞིན་བསྟན་ནས་སེམས་རྩ་འཁོལ་བའི་བོད་ལྗོངས་དང་། འབད་འབུངས་ཆེར་སྐྱེད་ཀྱི་བོད་ལྗོངས། སྟོབས་ཤུགས་ལྡན་པའི་བོད་ལྗོངས་བཅས་མི་དེ་བས་མང་བས་མཐོང་ཐུབ་པར་བྱས་ཡོད་ཅེས་ལྷ་སའི་ཡན་ལག་ཚོགས་རའི་འགན་འཁུར་བ་ཧའོ་ཅིང་གིས་གསར་འགོད་པར་བརྗོད།
སྐར་མ་བརྒྱད་ཀྱི་ལེ་ཚན་ཞིག་སྐད་གྲགས་ཆོད་དོན་ཅི།
ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་2025ལོའི་དཔྱིད་གསར་མཚན་ཚོགས་ཀྱི་བོད་ལྗོངས་ལྷ་སའི་ཡན་ལག་ཚོགས་རའི་སྐར་མ་8ཀྱི་ལེ་ཚན་ནང་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཁག་38བསྟན་པ་དེས་བོད་ཀྱི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་གཅིག་ཏུ་བསྡུས་ནས་ལྟད་མོ་བ་རྣམས་ལ་མིག་གི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད།
ད་ཐེངས་ཀྱི་བོད་ལྗོངས་ལྷ་སའི་ཡན་ལག་ཚོགས་རས་གླུ་གར་གཙོ་བོར་བྱས་ཤིང་། ལེ་ཚན་གཙོ་བོ“བདེ་སྐྱིད་ཀྱི་མེ་ཏོག”དང་། “མཛེས་སྡུག་ལྡན་པའི་མེ་ཏོག” “མཐུན་སྒྲིལ་གྱི་མེ་ཏོག”བཅས་དུམ་མཚམས་གསུམ་ལས་གྲུབ་པར་བྱས་ཡོད།
ལོ་60ཡི་རིང་སྒྱུ་རྩལ་ལས་ལ་གཞོལ་བའི་བཀྲ་ཤིས་རྡོ་རྗེས《ལྷ་རྩེའི་སྟོད་གཞས》ཀྱི་ལེ་ཚན་ནང་འཁྲབ་སྟོན་པ་400ལྷག་ཙམ་གྱི་སྣེ་ཁྲིད་དེ་འཁྲབ་སྟོན་བྱས་ཤིང་། ལེ་ཚན་ནང་ལྷ་སའི་ནང་མ་སྟོད་གཞས་དང་། ལྷ་རྩེའི་སྟོད་གཞས། སྨར་ཁམས་ཀྱི་བྲོ་སོགས་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་མང་པོ་མཉམ་དུ་བསྡུས་ཡོད་པས། རིག་གནས་རྒྱུན་འཛིན་དེ་སྐབས་དེར་མངོན་མཚོན་ཅན་དུ་གྱུར་ནས་འདས་དང་ད་ལྟ་མཉམ་དུ་འདྲེས་པ་དང་གཉིས་སུ་མ་མཆིས།
གྲོང་ཁྱེར(ས་ཁུལ)བདུན་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཞབས་བྲོ་ལེགས་སྒྲིག་བྱས་ནས་ཆ་ཤས་བསྟན་པའི་ནང་། གཞས་དང་ཞབས་བྲོའི་ལེ་ཚན《རྔ་རླབས》ཀྱིས་རས་རྔ་དང་། རྒྱབ་རྔ། སྐེད་རྔ། སེ་མ་བྲོ་བཅས་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་བཞི་མཉམ་འདྲེས་ཡོང་བར་བྱས་པས། རྣམ་པ་ཧ་ཅང་བརྗིད་ཉམས་ལྡན་པར་གྱུར་ནས་ལྟད་མོ་བར་མིག་གི་དགའ་སྟོན་ཧ་ལས་དགོས་པ་ཞིག་བཤམས་ཡོད།
ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་2025ལོའི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ཀྱི་བོད་ལྗོངས་ལྷ་སའི་ཡན་ལག་ཚོགས་རའི་བཀྲག་མདངས་འཚེར་སའི་གྲས་ཤིག་ནི། གཞི་རིམ་ནས་ཡོང་བའི་ཞིང་འབྲོག་མང་ཚོཌ་འཁྲབ་སྟོན་པས་དཔྱིད་གསར་དུས་ཆེན་གྱི་མཚན་ཚོཌ་ཀྱི་གར་སྟེགས་ཐོག ལྷ་རྩེའི་སྟོད་གཞས་དང་། སྨར་ཁམས་ཀྱི་བྲོ། ནག་ཆུའི་སྒོར་གཞས། གུ་གེའི་ཤོན་བཅས་འཁྲབ་སྟོན་བྱས་ནས་སྣ་མང་ཕུན་སུམ་ཚོགས་པའི་མི་རིཌ་ཀྱི་ཡུལ་སྲོལ་གོམས་གཤིས་དང་མཐུན་སྒྲིལ་ཡར་ཐོན་གྱི་མཛེས་སྡུག་རྣམ་པ་ཞིག་མངོན་པར་བྱས་ཡོད།
མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱི་རིག་གནས་སྟོན་མོ་གཟབ་རྒྱས་ལས་ཅི་ཞིག་བརྒྱུད་བསྒྲགས་བྱས་ཡོད་དམ།
ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་2025ལོའི་དཔྱིད་གསར་དུས་ཆེན་མཚན་ཚོགས་ཀྱི་བོད་ལྗོངས་ལྷ་སའི་ཡན་ལག་ཚོགས་ར་ནི་བོད་ཀྱི་རིག་གནས་འགྲེམས་སྟོན་བྱེད་པའི་སྐར་ཁུང་ཞིག་དང་། བོད་ཀྱི་ཡུལ་སྐོར་ཁྱབ་གདལ་ཤུགས་ཆེན་བཏང་བ་ཞིག་རེད་ལ། གངས་ལྗོངས་ས་མཐོའི་མི་རིགས་མཐུན་སྒྲིལ་གྱི་གཅིག་སྡུད་མཚོན་ཚུལ་ཞིག་དེ་བས་ཀྱང་རེད།
ད་ལོའི་ཟླ་1ཚེས་7ཉིན་གཞིས་རྩེའི་དིང་རིར་ས་ཡོམ་རིམ་པ་6.8བརྒྱབ་པར་རྒྱལ་ཡོངས་མི་དམངས་ཀྱིས་སེམས་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་2025ལོའི་དཔྱིད་གསར་དུས་ཆེན་མཚན་ཚོགས་ཀྱི་བོད་ལྗོངས་ལྷ་སའི་ཡན་ལག་ཚོགས་རའི་གཙོ་སྐྱོང་བ་ཀྲུའུ་ཤུན་དང་སྲི་ཐར་ནོར་བུས་ད་ཐེངས་ཀྱི་ས་ཡོམ་ཁྲོད་ཐོན་པའི“ཕྱོགས་གཅིག་ལ་དཀའ་ངལ་འཕྲད་སྐབས་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་པའི”བརྩེ་སེམས་ཟབ་མོའི་སྙིང་སྟོབས་དུང་བ་ཆེན་པོས་བརྗོད་པ་དང་། གེགས་རྗེས་བསྐྱར་སྐྲུན་ལ་ཐོབ་པའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ངོ་སྤྲོད་བྱས་པ་རེད།
ཆུ་ཚོད་བཅུ་གཉིས་ཟིན་པའི་ལྡོག་རྩིས་བརྒྱབ་རྗེས། ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྐམ་ཐོག་གྲོང་ཚོའི་མང་ཚོགས་དང་། ལྷོ་ཁ་གྲོང་ཁྱེར་ཡུལ་སྨད་ཤང་གི་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་། བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན《ཉི་འོད་གྲོང་ཁྱེར》གྱི་གཙོ་འཁྲབ་མི་སྣ། བོད་སྐྱོར་ལས་བྱེད་པ་9བཅས་ཀྱིས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཚབ་ཞུས་ནས་པེ་ཅིང་གི་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་ར་གཞན་གསུམ་གྱི་འཁྲབ་སྟོན་མི་སྣར་གཞོགས་འདེགས་བྱས་ཏེ། གོ་ལ་ཧྲིལ་པོའི་ཕྱི་ཁོངས་ཀྲུང་གོ་བར་ལོ་གསར་གྱི་བཀྲ་ཤིས་སྨོན་འདུན་ཞུས་པ་རེད།
ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་2025ལོའི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ཀྱི་བོད་ལྗོངས་ལྷ་སའི་ཡན་ལག་ཚོགས་རའི་ལེ་ཚན་ནི་རིག་རྩལ་འཁྲབ་སྟོན་ཙམ་མ་ཡིན་པར་དེ་ནི་པེ་ཅིང་གི་ཚོགས་ར་གཙོ་བོ་དང་དེ་བཞིན་ཁྲུང་ཆིང་དང་། ཧུའུ་པེའི་ཝུའུ་ཧན། ཅང་སུའུ་ཡི་ཝུའུ་ཤིས་བཅས་དང་མཉམ་དུ་ཀྲུང་གོའི་སྲོལ་རྒྱུན་རིག་གནས་སྤེལ་རེས་དང་འབྲེལ་མཐུད་བྱས་པ་ཞིག་དེ་བས་ཀྱང་རེད། “ད་ལོའི་བོད་ལྗོངས་ལྷ་སའི་ཡན་ལག་ཚོགས་རར་མངོན་མིན་རིག་གནས་ཤུལ་བཞག་མང་པོ་འགྲེམས་སྟོན་བྱས་སོང་ལ། བོད་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱང་འགྲེམས་སྟོན་བྱས་སོང་། དེ་ནི་བོད་ཀྱི‘ཟེར་བཀྲག་ཆེ་དུས’ཤིག་རེད་ཅེས་བརྗོད་ཆོག གྲོང་མི་དཀྱུས་མ་ཞིག་གི་ངོས་ནས་ངས་དུས་སྐབས་འདི་འདྲ་ཞིག་དངོས་སུ་མཐོང་བར་ཧ་ཅང་དགའ་པོ་བྱུང”ཞེས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་གྲོང་མི་སྤེན་པ་སྒྲོལ་མས་བརྗོད།
ཟླ་1ཚེས་28ཉིན་གྱི་དཔྱིད་གསར་དུས་ཆེན་གནམ་གང་གི་དགོང་མོར། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་2025ལོའི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་མཚན་ཚོགས་དུས་ཚོད་ཏག་ཏག་ལ་འགོ་བཙུགས་ཡོད། བོད་ལྗོངས་ལྷ་སའི་ཡན་ལག་ཚོགས་རར་བཀྲག་མདངས་འཚེར་ས་མང་ཞིང་ལྟད་མོ་ཧ་ཅང་ཆེ་བ་དང་སྐར་མ་8ཀྱི་དུས་ཚོད་ནང་འཛམ་གླིང་ཡོངས་ལ་བོད་ལྗོངས་ཀྱི་ངོ་མཚར་འགྲེམས་སྟོན་བྱས་ཡོད།
སྐར་མ་8ཀྱི་ནང་གླུ་གར་དང་། ལྷ་མོ། མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་སོགས་ཀྱི་ལེ་ཚན་ཚུད་ཡོད་པ་དང་། སྐར་མ་8ཀྱི་ནང་མི་རིགས་ཀྱི་ཉམས་འགྱུར་དང་། སྒྱུ་རྩལ་གྱི་མཛེས་པ། ཚན་རྩལ་གྱི་ཚ་རླབས་བཅས་མཉམ་འདྲེས་ཧ་ཅང་ཡག་པོ་བྱས་ནས། དགའ་སྐྱིད་དཔལ་ལ་རོལ་བའི་དུས་ཆེན་གྱི་རྣམ་པ་ཞིག་བཏོད་ཡོད། སྐར་མ་8པོ་དེ་ནི་མིག་ཡིད་རྣ་བའི་དགའ་སྟོན་གཟབ་རྒྱས་ཤིག་དང་། མཚར་སྡུག་རྣམ་པར་བཀྲ་བའི་མཛེས་རིས་རིང་མོ་ཞིག ཟབ་ཅིང་རྒྱ་ཆེ་བའི་མཚོན་སྟངས་ཁྱད་དུ་འཕགས་པ་ཞིག་བཅས་རེད།