ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱིས“གཞི་རིམ་ལ་དམ་འཛིན་ཤུགས་ཆེན་དང་དམ་འཛིན་ཏན་ཏིག་བྱེད་པའི”མངོན་གསལ་དོད་པའི་སྟོན་ཕྱོགས་བརྟན་པོར་བཙུགས་ཏེ། གཞི་རིམ་བཅོས་སྐྱོང་གི་མིག་སྔའི་གནས་ཚུལ་དང་མང་ཚོགས་ཀྱི་ཞབས་ཞུའི་དགོས་མཁོར་དམིགས་ནས་ཏང་གི་འགོ་ཁྲིད་གཞི་རིམ་བཅོས་སྐྱོང་གི་དུས་འཁོར་ཧྲིལ་པོ་དང་། ཁྱབ་ཁོངས་ཡོངས། བརྒྱུད་རིམ་ཧྲིལ་པོ་བཅས་སུ་ཁྱབ་པར་བྱེད་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་མང་ཚོགས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་གཞི་རིམ་བཅོས་སྐྱོང་གི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ།
གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཡོད།
བསམ་གྲུབ་རྩེ་ཆུས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་གིས་གཞི་རིམ་བཅོས་སྐྱོང་ལས་དོན་ལ་ཕྱོཌ་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། རྩ་འཛུགས་ཀྱི་མ་ལག་ཚགས་དམ་དུ་གཏོང་བ་དང་། ཞབས་ཞུའི་གཡུལ་ས་སྟོབས་ཆེར་གཏོང་བ། རྨང་གཞིའི་འགན་ལེན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཕན་ཆེ་མཐུན་སྦྱོར་གྱི་སྤྱི་ཚོགས་བཅོས་སྐྱོང་གི་ཐུན་མོང་ཚོགས་པ་བསྐྲུན་པ་དང་བྱ་ཐབས་གསར་གཏོད་དང་དངོས་སྒྲུབ་ཀྱི་སྤྱོད་ཚུལ་ལ་བརྟེན་ནས་རྩ་སྲ་རྨང་བརྟན་ཡོང་བར་བྱས་ཡོད།
མི་འབོར་གྱི་གཞི་ཁྱོན་འོས་ཤིང་འཚམ་པ་དང་། ཞབས་ཞུ་དོ་དམ་སྟབས་བདེ་བ། ཐོན་ཁུངས་བཀོད་སྒྲིག་ནུས་ལྡན། ནུས་བྱེད་བལྟོས་བཅས་ཀྱིས་ཆ་ཚང་བ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། སྔར་ཡོད་ཀྱི་གཞི་རིམ་གྱི་དྲ་མིག་659དེ་དག་316ཏུ་ལེགས་སྒྲིག་བྱས་པ་དང་།“གཅིག་གྱུར་གཅིག་དང་མཉམ་འབྲེལ་དྲུག”གི་སྤྱིའི་བསམ་ཕྱོགས་ལྟར“1+6+X”གཞི་རིམ་གྱི་དྲ་མིག་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་དང་། “ཁྲོམ་གཞུང་ལས་དོན་ཨུ་ཡོན་ལྷན་ཁང་ཆེ་མོ་དང་། སྡེ་ཁུལ་ཏང་ཨུད་ཆེ་མོ། དྲ་མིག་ཏང་ཀྲི་པུའུ། ཐོག་ཁང་ཏང་ཚོགས་ཆུང་བཅས”ཀྱི་རིམ་བཞིའི་རྩ་འཛུགས་སྦྲེལ་ཐག་བསྐྲུན་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ“ཁྱབ་ཁོངས་ཡོངས་སུ”འདོན་སྤེལ་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཀྱི་བཀོད་སྒྲིག་དེ་སྲོལ་རྒྱུན་རྣམ་པ་ནས་སྒོ་དབྱེའི་རྣམ་པའི་བར་འགྱུར་ལྡོག་གཏོང་བ་དང་ཏང་ཡོན་གྱི་བྱེད་སྒོ་གཞན་དབང་ངང་ཞུགས་པ་ནས་རང་འགུལ་ངང་ཞུགས་པའི་བར་འགྱུར་ལྡོག་འགྲོ་བར་སྐུལ་འདེད་བཏང་ཡོད།
“གཞུང་དོན་སྒྲུབ་སའི་ས་ཁོངས་ཆུང་ཤོས་དང་། ཞབས་ཞུའི་ས་ཁོངས་ཆེ་ཤོས། ཞབས་ཞུའི་ནུས་པ་ལེགས་ཤོས”བཅས་མཐའ་འཁྱོངས་ཀྱིས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཚོར་ཐག་ཉེ་ས་དང་སྟབས་བདེ་ས་ནས་ཏང་གཤིས་སྦྱོང་བརྡར་དང་། སློབ་སྦྱོང་སློབ་གསོ། རིག་གནས་རོལ་རྩེད། ཕྱོགས་བསྡུས་ཞབས་ཞུ། དམངས་འདུན་སྤེལ་རེས་སོགས་སྒོ་དབྱེའི་རྣམ་པའི་ཞབས་འདེགས་ཞུས་ནས་གཞི་རིམ་བཅོས་སྐྱོང་ནུས་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་སྔར་བས་ཆེ་རུ་བཏང་ཡོད།
“མི་གཞི་རིམ་དུ་སྐྱོད་པ་དང་མ་དངུལ་གཞི་རིམ་དུ་གཏོང་བ”མཐའ་འཁྱོངས་བྱས་ནས་ཉེ་བའི་ལོ་གཉིས་རིང་རིམ་པ་དེ་གའི་ནོར་སྲིད་ཀྱིས་མ་དངུལ་སྒོར་ཁྲི་5400ལྷག་ཙམ་གཞི་རིམ་བཅོས་སྐྱོང་ལ་སྤྱད་དེ་ཆེད་བསྐོས་ལས་བྱེད་པ་479དང་། སྨན་བཅོས་འཕྲོད་བསྟེན་པ་21 མི་དམངས་འདུམ་འགྲིག་གི་ཆེད་འགན་འཁུར་མཁན་30 སྡེ་ཁུལ་གྱི་ལས་དོན་པ་119བཅས་བསྡུས་ནས་གཞི་རིམ་གྱི་སྟོབས་ཤུགས་ཆེ་རུ་བཏང་ནས་གཞི་རིམ་བཅོས་སྐྱོང་གི་སྟོབས་ཤུགས་ཆེན་པོ་སྔར་བས་གཅིག་ཏུ་བསྒྲིལ་ཡོད།
ལས་ཀའི་བྱེད་ཐབས་གསར་གཏོད་བྱས་ཏེ།
གཞི་རིམ་བཅོས་སྐྱོང་ལ“ཞིབ་ཚགས་ཚད”སྔར་བས་ལྡན་པར་བྱས་པ།
བསམ་གྲུབ་རྩེ་ཆུས་ཀྱིས་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་ཧུར་ཐག་བཏོན་ཏེ། “ཏང་འཛུགས་སྐྱོང་+”ལ་བརྟེན་ནས་གཞི་རིམ་ཏང་འཛུགས་སྐྱོང་དང་སྤྱི་ཚོགས་བཅོས་སྐྱོང་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་བཏང་སྟེ། ཕན་ཆེ་མཐུན་སྦྱོར་གྱི་མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་གྲོང་ཁྱེར་བཅོས་སྐྱོང་གི་རྣམ་པ་གསར་པ་བཏོད་ཡོད་པ་རེད།
དང་བླངས་ཞབས་འདེགས་ཞུས་ཤིང་། ཟླ་རེའི་ཚེས་5ཉིན་ནི་ཏང་རྩ་འཛུགས་དང་ཏང་ཡོན་གྱི“འབྱོར་ཐོ་གཉིས་འགོད་པའི”ཉིན་མོར་གཏན་འཁེལ་བྱས་ནས་ཏང་ཡོན་གྱིས་སྡེ་ཁུལ་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་ཞུའི་ལས་དོན་གཏིང་ཟབ་སྤེལ་བ་དང་། དམངས་སེམས་གཅིག་སྒྲིལ་དང་མང་ཚོགས་ལ་ཞབས་འདེགས་ཞུ་སྐབས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་བཏོན་ཡོད་པ་རེད།
མང་ཚོགས་རང་སྐྱོང་བྱས་ཤིང་། ཁོངས་གཏོགས་ཁུལ་གྱི་བྱེད་ནུས་ལྡན་པའི་ཏང་ཀྲི་པུས“ལྟེ་བའི”ནུས་པ་གང་ལེགས་བཏོན་ནས་ཁུལ་ཆུང་གི་སྡེ་ལས་དོ་དམ་གྱི་བྱེད་ཐབས་བཏོན་ཏེ་གྲོང་ཁྱེར་གྱི་སྡེ་ཁུལ་དོ་དམ་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བསམ་གྲུབ་རྩེ་ཆུས་ཀྱི་ཁྱད་ཆོས་ལྡན་པའི་ཐག་གཅོད་ཇུས་གཞི་མཁོ་འདོན་བྱས་ཡོད།
བློ་གྲོས་འདོན་སྤེལ་བྱས་ཤིང་། མ་དངུལ་སྒོར་ཁྲི་800ལྷག་ཙམ་བཏང་སྟེ“མི་མེད་གནམ་གྲུའི་རང་འགུལ་ཅན་གྱི་སྐོར་གཡེང”གི་མ་ལག་འཛུགས་པ་དང“དྲ་སྦྲེལ་དང་། ཏང་འཛུགས་སྐྱོང་། གྲོང་ཁྱེར་བཅོས་སྐྱོང”བཅས་ཟུང་དུ་འབྲེལ་བའི་བྱ་སྤྱོད་ལག་བསྟར་བྱས་པས་གྲོང་ཁུལ་གྱི(ཁྲོམ་གཞུང)ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་4ཡི་ཆ་འཕྲིན་ཅན་གྱི་རིམ་སྤོར་སྒྱུར་བཀོད་ལེགས་གྲུབ་བྱུང་བ་དང་། མང་ཚོགས་ལ་དམངས་ཕན་འབྲེལ་གཏུག་གཱ་ཁྲི་3.8ལྷག་ཙམ་སྤྲད་པས་མང་ཚོགས་ཡར་རྒྱུག་མར་རྒྱུག་བྱེད་མི་དགོས་པར་གྲངས་གཞི་མང་ཙམ་སྤྱད་སྟབས་གཞི་རྩའི་ཆ་ནས་གྲོང་ཁྱེར་བཅོས་སྐྱོང་ཞིབ་ཚགས་ཅན་གྱི་ཆུ་ཚད་མཐོ་རུ་ཕྱིན་ཡོད།
སྐར་གསོག་དོ་དམ་ལག་ལེན་བསྟར་ཞིང་། མང་ཚོགས་ཀྱི་སྐར་གསོག་ལམ་ལུགས་ཀྱི་དོ་དམ་ཁྱབ་སྤེལ་གཏོང་རྒྱུ་དེ་གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གསར་པར་བརྩིས་ཏེ། སྐར་གསོག་བྱེད་སྒོ་ཐེངས་3350སྤེལ་བར་མང་ཚོགས་མི་ཐེངས་ཁྲི་6ལྷག་ཙམ་ཞུགས་པ་དང་རིམ་རྩིས་བརྒྱབ་ན་སྒོར་ཁྲི་106རི་བའི་དངོས་ཟོག་བརྗེས་ཡོད། “བྱེད་སྒོར་བརྟེན་ནས་སྐར་མ་གསོག་པ་དང་སྐར་མར་བརྟེན་ནས་དགོས་མཁོ་བརྗེ་བའི”ཐབས་ལམ་སྤྱད་པ་བརྒྱུད་མང་ཚོགས་གཞི་རིམ་བཅོས་སྐྱོང་ནང་ཞུགས་པའི་སྤྲོ་སེམས་ཆེས་ཆེར་འཕེལ་བ་དང་མང་ཚོགས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ནང་ཞུགས་པར་སྐུལ་སློང་ནུས་ལྡན་ཐུབ་ཡོད།
མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་ཏེ།
གཞི་རིམ་བཅོས་སྐྱོང་ལ“གསོན་ཤུགས” ལྡན་པར་བྱས་པ།
བསམ་གྲུབ་རྩེ་ཆུས་ཀྱིས་ཐོག་མཐའ་བར་གསུམ་དུ་དམངས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་དམངས་ཀྱིས་རེ་སྒུག་བྱེད་པའི་ལས་ཀ་སྒྲུབ་རྒྱུ་མཐའ་འཁྱོངས་ཀྱིས་དཀའ་ངལ་ལ་དམིགས་ནས་མི་སེམས་ལ་དྲོ་སྐྱིད་སྦྱིན་པ་དང་གཞི་རིམ་དུ་བསྐྱོད་དེ་་དམངས་འཚོར་ཕན་བཏགས་ནས“དམངས་འཚོའི་རེ་སྒུག”དེ“དམངས་འཚོའི་བསྟོད་པར”འགྱུར་བ་བྱས་ཏེ་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་ལ་བརྟེན་ནས་དམངས་ལ་ཞབས་འདེགས་ཡག་པོ་ཞུས་ཡོད།
ཏང་ཡོན་ལས་བྱེད་པ་1464ཡིས་དབུལ་སྒྲོལ་མང་ཚོགས་2549དང་ཆ་སྒྲིག་རོགས་སྐྱོར་བྱས་ནས་དབུལ་པོའི་བདེ་སྡུག་འདྲི་རྩད་བྱས་ཡོད། 2024ལོར་རིམ་རྩིས་བརྒྱབ་ན་རོགས་སྐྱོར་དང་། འཚམས་འདྲི། དྲོ་སྐྱིད་སྦྱིན་པ་བཅས་ཀྱི་བྱེད་སྒོ་ཐེངས་གཉིས་སྤེལ་བ་དང་རིམ་རྩིས་བརྒྱབ་ན་རོགས་སྐྱོར་མ་དངུལ་སྒོར་ཁྲི་160ལྷག་ཙམ་བཏང་ནས་ཁྱིམ་ཚང་ཁྲི་སྟོང་མང་པོས་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་ཚོར་ཐུབ་པ་བྱས་ཡོད།
“གཞི་རིམ་དུ་སྤེལ་བ་བཞིའི”ལས་དོན་ལམ་ལུགས་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། “འཐབ་ས་དང་པོའི་ལས་དོན་སྒྲུབ་ཐབས”ལག་ལེན་བསྟར་བ། གྲོང་ཚོའི(སྡེ་ཁུལ)ལས་བྱེད་པ་དང་། གྲོང་སྡོད་ལས་དོན་རུ་ཁག གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་པ། དྲ་མིག་པ། སྡེ་ཁུལ་གྱི་ལས་དོན་པ་སོགས་ཀྱི་སྟོབས་ཤུགས་སྒྲིག་འཛུགས་བྱེད་པ། “གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་བརྟག་ཞིབ་ཆེན་པོའི”བྱེད་སྒོ་སྤེལ་བ། དུད་ཚང་ཁྲི་1.08ལྷག་ཙམ་དང་མི་ཁྲི་6.95ལྷག་ཙམ་ལ་རྒྱུན་རྣམ་ཅན་གྱི་སྒོ་ནས་འཚམས་འདྲི་བྱེད་པ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་628བསྡུ་རུབ་དང་ཐག་གཅོད་བྱེད་པ། དམངས་ཆེད་བྱ་བ་དངོས་ཁག་468སྒྲུབ་པ་བཅས་བྱས་པར་རིམ་རྩིས་བརྒྱབ་ན་རོགས་སྐྱོར་མ་དངུལ་སྒོར་ཁྲི་298ཟིན་ནས་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་། དམངས་ཀྱི་བློ་གྲོས་གཅིག་སྡུད། དམངས་ཀྱི་ཁེ་ཕན་སྲུང་སྐྱོང་། དམངས་ཀྱི་སེམས་ཁྲལ་ཐག་གཅོད། དམངས་ཀྱི་སེམས་པ་གཅིག་སྒྲིལ་བཅས་དངོས་འབྲེལ་ཐུབ་ཡོད།
(དབང་སྒྲོན་སྐྱིད་དང་པ་ཕན་གྱིས་བསྒྱུར། ཉི་དོན་དང་རིག་རྡོར་གྱིས་ཞུས)