《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年01月24日

2024ལོའི་རྒྱལ་ནང་གི་གསར་འགྱུར་ཆེན་པོ་བཅུ།

རིམ་བཞིན་རྒན་ཡོལ་ནར་འགྱངས་བྱེད་པའི་སྒྱུར་བཅོས་ཇུས་གཞི་བཏོན་པ་དང་མི་ཤུགས་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་པར་སྐུལ་འདེད་བཏང་བ། 2024ལོའི་ཟླ་9ཚེས་13ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་ཁྲིམས་བཀོད་རྒན་ཡོལ་ཞུ་བའི་ལོ་ཚད་རིམ་བཞིན་ནར་འགྱངས་བྱ་རྒྱུའི་སྐོར་གྱི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། 2025ལོའི་ཟླ་1ཚེས་1ཉིན་ནས་བཟུང་། རང་རྒྱལ་གྱིས་ལོ་15ཡི་དུས་ཚོད་སྤྱད་དེ་སྐྱེས་པ་ལས་བཟོའི་ཁྲིམས་བཀོད་རྒན་ཡོལ་ཞུ་བའི་ལོ་ཚད་དེ་སྔའི་ལོ་60ནས་ལོ་63བར་རིམ་བཞིན་ནར་འགྱངས་བྱ་རྒྱུ་དང་། བུད་མེད་ལས་བཟོའི་ཁྲིམས་བཀོད་རྒན་ཡོལ་ཞུ་བའི་ལོ་ཚད་དེ་སྔའི་ལོ་50དང་ལོ་55ནས་ལོ་55དང་ལོ་58བར་སོ་སོར་ནར་འགྱངས་བྱ་རྒྱུ་རེད། དེ་ནི་ལོ་70ལྷག་ཙམ་རིང་ལས་བཟོའི་ཁྲིམས་བཀོད་རྒན་ཡོལ་ཞུ་བའི་ལོ་ཚད་ལེགས་སྒྲིག་བྱེད་ཐེངས་དང་པོ་དེ་རེད། 2024ལོའི་ཟླ་9ཚེས་13ཉིན་གྱི་སྔ་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཅིག་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གྲོལ་ཞིང་། ཚོགས་འདུའི་ཐོག་ཁྲིམས་བཀོད་རྒན་ཡོལ་ཞུ་བའི་ལོ་ཚད་རིམ་བཞིན་ནར་འགྱངས་བྱ་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།

བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་བ་དང་ཆབ་སྲིད་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དེ་བས་ལེགས་པའི་སྒོ་ནས་བཏོན་པ། 2024ལོའི་ཟླ་9ཚེས་14ཉིན། སྤྱི་ཁྱབ་ཧྲུའ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལ་ཞུགས་ཏེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་། འཐུས་ཚང་། འཁོར་སྐྱོད་བཅས་ཡག་པོ་ཡོང་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་དང་བླང་བྱ་ཁ་གསལ་བཏོན་གནང་ཡོད། ཟླ་9ཚེས་20ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལ་ཞུགས་ཏེ། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་མི་དམངས་སྲིད་གྲོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། པར་གོང་མ་ནི། 2024ལོོའི་ཟླ་9ཚེས་14ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོག་བཞིན་པ། པར་འོག་མ་ནི། 2024ལོོའི་ཟླ་9ཚེས་20ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་སྲིད་གྲོས་ཀྱིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་ཁང་དུ་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོག་བཞིན་པ།

ཏང་ཀྲུང་དབྱང་གིས་འཕར་འབོར་སྲིད་ཇུས་སྦབ་ཆ་གཅིག་བཏོན་པ་དང་དཔལ་འབྱོར་བསྐྱར་འཕར་ལེགས་འཕེལ་དང་ཕྱོགས་བསྡུས་རྒྱལ་སྟོབས་ཆེ་རུ་ཕྱིན་པ། 2024ལོའི་ཟླ་9ཚེས་26ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ཏེ་དཔལ་འབྱོར་གྱི་དུས་བབ་ལ་དབྱེ་ཞིབ་བྱས་ནས་འཕར་འབོར་སྲིད་ཇུས་སྦབ་ཆ་གཅིག་འཕྲལ་དུ་བཀོད་སྒྲིག་བྱས་པ་རེད། 2024ལོ་ཚུན་དུ་ཕྱི་རོལ་གྱི་གནོན་ཤུགས་ཆེ་རུ་ཕྱིན་པ་དང་། ནང་ཁུལ་གྱི་དཀའ་ངལ་མང་དུ་ཕྱིན་པའི་རྙོག་འཛིང་ཛ་དྲག་གི་དུས་བབ་ལ་གཞིགས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་བབ་བརླིང་ངང་ཁ་གཏད་འཇལ་བ་དང་ཕྱོགས་བསྡུས་ཇུས་བསྟར་གནང་ཡོད། འདི་ནི་2024ལོའི་ཟླ་12ཚེས་12ཉིན། ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ཏེ་ཆིང་རྫོང་ལེ་ཏེན་གྲོང་རྡལ་དུ་གནས་པའི་ཀྲེ་ཅང་ཞིང་ཆེན་འཛུགས་སྐྲུན་ལས་གྲྭའི་འཕྲུལ་ཆས་ཚོགས་པ་ཚད་ཡོད་ཀུང་སིའི་ཏེ་ཆིང་རྩེར་སོན་རིག་ནུས་བཟོ་གྲྭར་བཟོ་པ་ཚོས་འཕྲུལ་ཆས་ཆུང་གྲས་སྒྲིག་སྦྱོར་བྱེད་བཞིན་པ།

ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་དང་ཀྲུང་ཧྭ་བུ་ཕྲུག་དུང་ཕྱུར་མང་པོས་མེས་རྒྱལ་གྱི་གཟི་བརྗིད་མཉམ་སྤྱོད་བྱས་པ། 2024ལོའི་ཟླ་9ཚེས་29ཉིན། རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲོད་པའི་མཛད་སྒོ་མི་དམངས་ཚོགས་ཁང་ཆེ་མོར་གཉེར་བ་དང་རྒྱལ་ཁབ་ཀྱི་མིང་ཐོག་ནས་དཔའ་བོར་གཟེངས་བསྟོད་བྱས་ཡོད། དེའི་དགོང་མོ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བའི་རོལ་དབྱངས་འདུ་ཚོགས་འཚོགས་ཏེ་བརྩེ་བ་ཟབ་པའི་རོལ་དབྱངས་ཀྱི་འགྱུར་ཁུག་ལ་བརྟེན་ནས་དུས་རབས་རླབས་པོ་ཆེར་བསྟོད་གླུ་ཕུལ་ཡོད། ཟླ་9ཚེས་30ཉིན་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར། མི་དམངས་ཀྱི་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་རྒྱུན་མཐུད་འཚོགས་ཡོད། འདི་ནི་2024ལོའི་ཟླ་10ཚེས་1ཉིན་གྱི་ཞོགས་པ། རྒྱལ་དར་སྒྲེང་བའི་མཛད་སྒོ་པེ་ཅིང་གནམ་བདེ་སྒོ་མོའི་ཐང་ཆེན་དུ་གཟབ་རྒྱས་ངང་གཉེར་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བཞིན་པ།

ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25འཁོར་བར་རྟེན་འབྲེལ་ཞུས་པ་དང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པ། 2024ལོའི་ཟླ་12ཚེས་20ཉིན། ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་སྐབས་དྲུག་པའི་འགན་བཞེས་མཛད་སྒོ་ཨའོ་མོན་ཨེ་ཤེ་ཡ་ཤར་མའི་ལུས་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་ཁང་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་མཛད་སྒོར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ་རེད། འདི་ནི་2024ལོའི་ཟླ་12ཚེས་20ཉིན། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་རྒྱལ་དར་སྒྲེང་བའི་མཛད་སྒོ་གཟབ་རྒྱས་འཚོགས་ནས་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25འཁོར་བར་རྟེན་འབྲེལ་ཞུ་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲུའུ་ཝེ་ཡིས་པར་བླངས།