《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年01月24日

2024ལོའི་རྒྱལ་ནང་གི་གསར་འགྱུར་ཆེན་པོ་བཅུ།

ཏང་ཡོངས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་འཕེལ་རྒྱས་གཏིང་ཟབ་འགྲོ་བར་སྐུལ་འདེད་བཏང་བ། 2024ལོའི་ཟླ་4པ་ནས་བཟུང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏང་ཡོངས་སུ་གཏིང་ཟབ་སྤེལ་བ་རེད། ཏང་གི་སྒྲིག་ཁྲིམས་བརྗོད་དོན་གཙོ་བོར་བཟུང་ནས་ཏང་ཡོངས་སུ་གཅིག་སྡུད་རང་བཞིན་གྱི་སློབ་གསོ་སྤེལ་བ་ནི་རང་རེའི་ཏང་གི་ལོ་རྒྱུས་ཐོག་ཐེངས་དང་པོ་རེད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ཇི་མ་ཇི་བཞིན་དང་དོན་ཚན་རེ་རེ་བཞིན་སློབ་སྦྱོང་བྱེད་པ། གྱོད་དཔེར་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ་དང་སྦྱོང་བརྡར་ལ་བརྟེན་ནས་སློབ་སྦྱོང་ལ་རོགས་སྐུལ་བྱེད་པར་དམ་འཛིན་བྱེད་པ། ཏང་ཡོན་ལས་བྱེད་པས་སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་དམ་པ། སྒྲིག་ཁྲིམས་སྲུང་བ་བཅས་བྱེད་པར་སློབ་གསོ་ཁྲིད་སྟོན་བྱེད་པ། སྒྲིག་ཁྲིམས་ནན་པོར་བརྟེན་ནས་ཏང་ཡོངས་ཀྱིས་རང་རྟོགས་ངང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ལ་འགན་ལེན་བྱེད་པ། བསམ་བློ་གཅིག་གྱུར་དང་བྱ་སྤྱོད་གཅིག་གྱུར། སྤང་བླང་འཛོལ་མེད་དང་ཅི་གསུང་དེ་སྒྲུབ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་དང་མཉམ་ཤུགས་ཆེན་པོ་ཆགས་པར་བྱས་ཡོད། འདི་ནི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ཡིན་པ།

གཙོ་བདག་ཕྱི་འབྲེལ་གྱིས་བརྗིད་ཉམས་ཆེ་བའི་ལེའུ་གསར་བརྩམས་ནས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་ཏན་ཏིག་བཏང་བ། 2024ལོའི་ཟླ་9ཚེས་4ནས་6ཉིན་བར། ཉེ་བའི་ལོ་ཤས་རིང་གི་གཞི་ཁྱོན་ཆེ་ཤོས་ཀྱི་རང་སའི་ཕྱི་འབྲེལ་ཏེ། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་འཚོགས་པ་རེད། ལོ་གཅིག་གི་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཕྱི་ནང་དུ་གཙོ་བདག་ཕྱི་འབྲེལ་ཐེངས་མང་སྤེལ་བ་དང་། ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་བཏོན་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་སོགས་བྱེད་སྒོ་གལ་ཆེན་ལ་ཞུགས་པ། ཡོ་རོབ་དང་། ཨེ་ཤེ་ཡ་དབུས་མ། འབོ་གསེར། ལ་ཏིང་མེ་གླིང་བཅས་སུ་ཕེབས་ནས་འཚམས་འདྲི་གལ་ཆེན་ཐེངས་བཞི་གནང་བ། ཕྱོགས་མང་དབུ་ཚོགས་རབ་དང་རིམ་པར་ཞུགས་ནས་ཞི་བདེ་འཕེལ་རྒྱས་དང་མཉམ་ལས་གཉིས་ཕན་གྱི་དུས་རབས་ཀྱི་རླབས་རྒྱུན་ལ་སྣེ་ཁྲིད་གནང་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱི་རོལ་གྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཡོད། འདི་ནི་2024ལོའི་ཟླ་9ཚེས་5ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཕེབས་ནས་འགོ་བརྗོད་དུ《ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་བཏང་སྟེ་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་དགོས》ཞེས་འཁོད་པའི་གཙོ་དོན་གསུང་བཤད་གནང་བཞིན་པ།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་སྒྱུར་བཅོས་ཀྱི་ལེའུ་གསར་སླར་ཡང་བརྩམས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མདུན་ལམ་ཆེན་པོ་བཏོད་པ། 2024ལོའི་ཟླ་7ཚེས་15ནས་18ཉིན་བར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིང་དུ་འཚོགས་པ་རེད། ཚོགས་འདུའི་ཐོག《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། ཡིག་འབྲུ་ཁྲི་2ལྷག་ཙམ་ཟིན་པའི《གཏན་འབེབས》ནང་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་བརྗོད་དོན་གཙོ་བོ་དང་། མཛུབ་ཁྲིད་དགོངས་པ། སྤྱིའི་དམིགས་ཚད། རྩ་དོན་གལ་ཆེན། སྒྱུར་བཅོས་བྱ་ཐབས། རྩ་བའི་འགན་ལེན་བཅས་ཁ་གསལ་བཟོས་པ་དང་། 2035ལོར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་དམིགས་ནས། འབྱུང་འགྱུར་ལོ་5ཡི་སྒྱུར་བཅོས་ལས་འགན་གཙོ་གནད་ཐོག་བཀོད་སྒྲིག་བྱས་པ་དང་། སྒྱུར་བཅོས་བྱ་ཐབས་གལ་ཆེན་ཁག་300ལྷག་ཙམ་བཏོན་པ་དེ་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་སྤྱིའི་སྐུལ་སློང་དང་སྤྱིའི་བཀོད་སྒྲིག་ཅིག་རེད། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་2024ལོའི་ཟླ་7ཚེས་15ནས་18ཉིན་བར་པེ་ཅིང་དུ་འཚོགས་པ་རེད།

འཐབ་ཇུས་ཀྱི་ལག་རྩལ་མཐོ་བའི་ཁྱབ་ཁོངས་སུ་མཆོང་སྐྱོད་གསར་པ་བྱུང་ནས་ཚན་རྩལ་ལས་གྲྭ་གལ་ཆེན་ལས་རྒྱལ་ཁའི་གཏམ་བཟང་ཡང་ཡང་གྲགས་པ། 2024ལོའི་ཟླ་4པ་དང་10པར། ལྷ་གྲུ་ཨང་བཅོ་བརྒྱད་པ་དང་བཅུ་དགུ་པའི་མི་བཞུགས་འཕུར་གྲུ་སྔ་རྗེས་སུ་བར་སྣང་དུ་འཕུར་སྐྱོད་བྱས་པ་དང་། ཟླ་12པར་ལྷ་གྲུ་ཨང་བཅུ་དགུ་པའི་ཚོ་ཆུང་གིས་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་པ་གྲུ་ཚང་ནས་དོན་སྟེ་ཐེངས་རྐྱང་པའི་བྱེད་སྒོ་སྤེལ་ཡུན་རིང་ཤོས་ཀྱི་ཟིན་ཐོ་བཏོད་པ་རེད། ཟླ་6ཚེས་25ཉིན། དུས་ཡུན་ཉིན་53གྱི་ཟླ་བའི་ལྷ་མོ་ཨང་དྲུག་པའི་ལས་འགན་གྱིས་མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཟླ་བའི་གོ་ལའི་རྒྱབ་ངོས་ནས་མ་དཔེ་བླངས་ཏེ་ཕྱིར་ལོག་ཐེངས་དང་པོ་ལེགས་གྲུབ་བྱས་པ་རེད། ཟླ་11ཚེས་1ཉིན། ཀྲུང་གོའི་ལྷོ་སྣེ་རྟོག་ཞིབ་རུ་ཁག་ཐེངས་41པ་ཐོན་ཏེ་ཟླ་2ཚེས་7ཉིན་འཛུགས་སྐྲུན་ལེགས་གྲུབ་བྱུང་བའི་ཀྲུང་གོའི་ལྷོ་སྣེ་རྟོག་ཞིབ་ས་ཚིགས་ལྔ་པ་ཆིན་ལིང་ས་ཚིགས་ཀྱི་ལེ་ལག་ཚང་བའི་སྒྲིག་བཀོད་སྒྲིག་ཆས་ལ་ཚན་རིག་ཞིབ་འཇུག་དང་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་བྱས་པ་རེད། ཟླ་11ཚེས་26ཉིན་བར“ཀྲུང་གོའི་གནམ་མིག”FASTཡིས་རྩ་འཕར་སྐར་མའི་གྲངས་འབོར་1000ལས་བརྒལ་བ་ཤེས་རྟོགས་བྱུང་བ་རེད། འདི་ནི་2024ལོའི་ཟླ་10ཚེས་30ཉིན། པེ་ཅིང་འཇིག་རྟེན་འཕུར་སྐྱོད་ཚོད་འཛིན་ལྟེ་གནས་ནས་པར་ལེན་བྱས་པའི་ལྷ་གྲུ་ཨང་བཅུ་དགུ་པའི་འཕུར་སྐྱོད་ཚོ་ཆུང་དང་ལྷ་གྲུ་ཨང་བཅོ་བརྒྱད་པའི་འཕུར་སྐྱོད་ཚོ་ཆུང་དབར་སྤེལ་རེས་བྱེད་པའི་རྣམ་པ་ཡིན་པ།

རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱས་ནས་དང“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་ཕྱོགས་གཏོགས་མཐའ་གཅིག་ཏུ་ཟིལ་གྱིས་གནོན་པ། ཐའེ་དབན་ས་ཁུལ་གྱི་འགོ་ཁྲིད་པ་ལའེ་ཆིང་ཏེས“ཐའེ་དབན་རང་བཙན”གྱི་ལངས་ཕྱོགས་ཨུ་ཚུགས་མཐའ་སྐྱེལ་བྱེད་པ་དང་ཁ་ཕྲལ་གྱི་གཏམ་འཆལ་གང་བྱུང་སྒྲོག་སྤེལ་བྱས་ཏེ“ཕྱི་ཕྱོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རང་བཙན་དོན་གཉེར”དང“དྲག་ཤུགས་ལ་བརྟེན་ནས་རང་བཙན་དོན་གཉེར”བྱེད་པའི་རེ་ངན་འཆང་བར་དམིགས་ནས། སྐམ་ས་ཆེན་པོ་ཕྱོགས་ཀྱིས་རྣམ་པ་གང་རུང་གི“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་ལ་བཟོད་སྒོམ་གཏན་ནས་བྱེད་ཀྱི་མིན་ལ། ཐར་པར་ཡང་གཏན་ནས་གཏོང་གི་མིན་ཞེས་བརྗོད་པ་རེད། 2024ལོའི་ཟླ་5ཚེས་23དང་24ཉིན་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཤར་རྒྱུད་འཐབ་ཁུལ་གྱིས་འཐབ་ཁུལ་གྱི་སྐམ་དམག་དང་། མཚོ་དམག མཁའ་དམག མེ་ཤུགས་འཕུར་མདའི་དམག་སོགས་དམག་ཤུགས་སྒྲིག་འཛུགས་བྱས་ཏེ་ཐའེ་དབན་གླིང་ཕྲན་གྱི་མཐའ་འཁོར་དུ“མཉམ་འབྲེལ་སྤུ་གྲི-2024A”ཡི་ནང་སྦྱོང་བྱས་པ་དང་། 2024ལོའི་ཟླ་10ཚེས་14ཉིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཤར་རྒྱུད་འཐབ་ཁུལ་གྱིས་འཐབ་ཁུལ་གྱི་སྐམ་དམག་དང་། མཚོ་དམག མཁའ་དམག མེ་ཤུགས་འཕུར་མདའི་དམག་སོགས་དམག་ཤུགས་སྒྲིག་འཛུགས་བྱས་ཏེ་ཐའེ་དབན་མཚོ་འགག་དང་། ཐའེ་དབན་གླིང་ཕྲན་གྱི་བྱང་རྒྱུད། ཐའེ་དབན་གླིང་ཕྲན་གྱི་ལྷོ་རྒྱུད། ཐའེ་དབན་གླིང་ཕྲན་གྱི་ཤར་རྒྱུད་བཅས་སུ“མཉམ་འབྲེལ་སྤུ་གྲི-2024B”ཡི་ནང་སྦྱོང་བྱས་པ་རེད། དེ་ནི་ཐའེ་དབན་ས་ཁུལ་གྱི་འགོ་ཁྲིད་པས“རང་བཙན”དོན་གཉེར་བྱེད་པའི་འཁྲུག་སློང་ལ་ཆད་པ་མཐའ་གཅིག་ཏུ་བཅད་པ་ཞིག་དང་། “ཐའེ་དབན་རང་བཙན”གྱི་ཁ་ཕྲལ་ཕྱོགས་གཏོགས་ཀྱི“རང་བཙན”དོན་གཉེར་བྱེད་སྤྱོད་ལ་ཟིལ་གནོན་དྲག་པོ་ཞིག ཕྱི་ཕྱོགས་ཕྱོགས་གཏོགས་ཀྱིས“ཐའེ་དབན་རང་བཙན”ལ་རྒྱབ་སྐྱོར་དང་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ཐ་ཚིག་ནན་པོ་སྒྲོག་པ་ཞིག རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པའི་དྲང་བདེན་གྱི་བྱ་སྤྱོད་ཅིག་བཅས་རེད། འདི་ནི་ཤར་རྒྱུད་འཐབ་ཁུལ་གྱིས་ཁྱབ་བསྒྲགས་བྱས་པའི“མཉམ་འབྲེལ་སྤུ་གྲི-2024A”དང“མཉམ་འབྲེལ་སྤུ་གྲི-2024B”ཡི་ནང་སྦྱོང་ཁྱབ་ཁོངས་ཀྱི་མཚོན་བྱེད་དཔེ་རིས་ཡིན་པ།