《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年01月23日

གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་གྲོང་ལྷོ་ཁྲོམ་གཞུང་གིས།

ཕྱོགས་མང་པོ་ནས་ནུས་ཤུགས་བཏོན་ཏེ་བུད་མེད་དང་བྱིས་པའི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། 2024ལོར་བསམ་གྲུབ་རྩེ་ཆུས་གྲོང་ལྷོ་ཁྲོམ་གཞུང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ནས“མཉམ་འབྲེལ”གྱི་ལེགས་ཆ་བཏོན་ཏེ“བུད་མེད་ཀྱི་དོན་གྲོས་ཚོགས་འདུ”འཚོགས་པ་དང་། “བུད་མེད་དང་བྱིས་པའི་ཁྱིམ་གཞིས”འཛུགས་པ། “མཛེས་སྡུག་ལྡན་པའི་ཁྱིམ་གཞིས་དང་བདེ་སྐྱིད་ལྡན་པའི་ཁྱིམ་ཚང”གི་དཔེ་སྟོན་ས་ཚིགས་འཛུགས་པ། སྐོར་སྐྱོད་བུད་མེད་ཞབས་ཞུའི་ས་ཚིགས་འཛུགས་པ། དཀའ་ངལ་ལ་འཚམས་འདྲི་དང་། བདེ་ཐང་གི་འོས་འགན་སྨན་བཅོས། དྲིལ་བསྒྲགས་སློབ་གསོ། བྱིས་པའི་ཞབས་ཞུ་སོགས་ཕྱོགས་མང་པོ་ནས་ནུས་ཤུགས་བཏོན་ཏེ་ཁྲོམ་གཞུང་གི་བུད་མེད་དང་བྱིས་པའི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད།

གྲོང་ལྷོ་ཁྲོམ་གཞུང་གིས་ས་དམར་སྡེ་ཁུལ་གྱི་རང་སྐྱོང་ལྗོངས་རིམ་པའི“བུད་མེད་ཀྱི་དོན་གྲོས་ཚོགས་འདུ”འཚོགས་ནས་དོན་གྲོས་ཀྱི་བརྒྱུད་རིམ་ཁ་གསལ་བཟོས་པ་དང་། གཞིས་ལུས་བྱིས་པའི་དབྱར་གསེང་གི་སློབ་གསོ་དང་། རྒྱུན་གཏན་གྱི་ཁྱིམ་ཚང་སློབ་གསོ། བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་སོགས་གླེང་མང་བའི་གནད་དོན་མང་པོར་དམིགས་ཏེ་གཅིག་སྡུད་གྲོས་མོལ་བྱས་ནས་བུད་མེད་སྤྱི་པའི་ལས་དོན་དོ་དམ་ནང་མཉམ་དུ་ཞུགས་རྒྱུའི་ཁྲིད་སྟོན་བྱས་པ་དང་དོན་དངོས་ཀྱི་དཀའ་ངལ་ཐག་གཅོད་ཏན་ཏིག་བྱས་ཏེ་གཞི་རིམ་བཅོས་སྐྱོང་ལ་བུད་མེད་ཀྱི་སྟོབས་ཤུགས་དང་བློ་གྲོས་ལེགས་སྐྱེས་སུ་ཕུལ་བ་རེད།

གྲོང་ལྷོ་ཁྲོམ་གཞུང་གིས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཚན་པ་དང་མཉམ་འབྲེལ་ཐོག་ཁྲོམ་གཞུང་གི་སྐོར་སྐྱོད་བུད་མེད་ཞབས་ཞུའི་ས་ཚིགས་བསྐྲུན་ནས་འབོལ་ཁྲི་དང་། དཔེ་དེབ། ཝེ་པོ་ཚ་ཐབ། དྲོད་སྙོམས་འཕྲུལ་ཆས། འཐུང་ཆུའི་འཕྲུལ་ཆས། བསྐྱར་དཔར་འཕྲུལ་ཆས་སོགས་སྒྲིག་བཀོད་ཆ་ཚང་སྒྲིག་སྦྱོར་བྱས་ཏེ་བུད་མེད་མྱུར་སྐྱེལ་པ་དང་། མངག་ཚོང་སྐྱེལ་མཁན་བུད་མེད། དྲ་འབོད་རླངས་འཁོར་གྱི་བུད་མེད་ཁ་ལོ་བ་སོགས་ལས་རྣམ་གསར་པ་དང་ལས་ཞུགས་ཚོགས་སྤྱི་གསར་པའི་བུད་མེད་ལ་ལྟ་རྟོག་དང་། བློ་འདྲི། ངལ་གསོའི་དཔེ་ཀློག ངལ་གསོའི་ལྟོ་ཆས། ལས་ཞུགས་དྲིལ་བསྒྲགས་སོགས་ཀྱི་ཞབས་འདེགས་ཞུས་པ་རེད། མིག་སྔའི་བར། སྐོར་སྐྱོད་ཞབས་ཞུའི་ས་ཚིགས་དེས་ཁོངས་གཏོགས་ཁུལ་གྱི་བུད་མེད་སྐོར་སྐྱོད་མི་ཐེངས་70ལྷག་ཙམ་ལ་ཞབས་འདེགས་ཞུས་ཡོད་པ་རེད།

ཁྲོམ་གཞུང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་དཀའ་ངལ་ཡོད་པའི་བུད་མེད་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་ལས་དོན་རྒྱུན་མཐུད་ཏན་ཏིག་དང་ཞིབ་ཕྲ་བསྒྲུབས་ཤིང་། སྡེ་ཁུལ་ཁག་ཏུ“དཀའ་ངལ་ཡོད་པའི་བུད་མེད་ལ་གཅེས་སྐྱོང་དང་དྲོ་སྐྱིད་དང་སེམས་ཁུར་བརྒྱུད་སྤྲོད་བྱེད་པའི”འཚམས་འདྲིའི་བྱེད་སྒོ་སྔ་རྗེས་སུ་ཐེངས་5་སྤེལ་ཏེ་དཀའ་ངལ་ཡོད་པའི་བུད་མེད་50ལྷག་ཙམ་ལ་དྲོ་སྐྱིད་སྦྱིན་པ་མ་ཟད། ཁྱོན་སྒོར་ཁྲི་2ལྷག་ཙམ་རི་བའི་འཚམས་འདྲིའི་དངོས་པོའང་སྤྲད་པ་རེད།

གྲོང་ལྷོ་ཁྲོམ་གཞུང་གིས་མངགས་གཏོང་ཁང་དང་མཉམ་དུ་ཁོངས་གཏོགས་ཁུལ་གྱི་བུད་མེད་མང་ཚོགས་ལ“ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་བྱས་ནས་བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི”སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བུད་མེད་ཀྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས》སོགས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་ནས་བུད་མེད་ཀྱི་བཅའ་ཁྲིམས་འདུ་ཤེས་སྔར་བས་ཆེ་རུ་བཏང་བ་དང་བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཡོད།