《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年01月23日

ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཀྱིས།

“ལྟེ་བའི་འདུ་འགོད་ཆེན་པོ་གསུམ”ལ་བརྟེན་ནས་ཉམས་སད་ཐེག་ཐུབ་པའི་ཉེན་རྟོག་པའི་དཔུང་ཁག་བཏོད་པ།

2024ལོ་ཚུན། ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཀྱིས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་ཏང་གི་རྩ་འཛུགས་ལམ་ཕྱོགས་ཀྱི་རྗེས་སུ་དམ་པོར་འབྲངས་ཏེ། ཏང་ཀྲུང་དབྱང་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་སྤྱི་བདེ་ཅུས་ཏང་ཨུད་བཅས་ཀྱི་བཀོད་སྒྲིག་ལྟར། ཆབ་སྲིད་ལ་བརྟེན་ནས་ཉེན་རྟོག་འཛུགས་པ་དང་། སྒྱུར་བཅོས་ལ་བརྟེན་ནས་ཉེན་རྟོག་ལ་ལྕག་སྐུལ། ཉེན་རྟོག་ནན་སྐྱོང་བཅས་ཀྱི་ལྟེ་བའི་འདུ་འགོད་ཆེན་པོ་གསུམ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། སྤྱི་བདེའི་ཆབ་སྲིད་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་བ་རེད།

ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཀྱིས་ཆབ་སྲིད་ལ་བརྟེན་ནས་ཉེན་རྟོག་འཛུགས་རྒྱུ་སྣེ་ཁྲིད་དུ་བྱས་ཏེ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱས་ཐོག་དཔེ་བཟང་ཆབ་སྲིད་ལས་ཁུངས་འཛུགས་སྐྱོང་གཏིང་ཟབ་ཏུ་བཏང་ནས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་བརྒྱུད། རིམ་རྩིས་བརྒྱབ་ན་མི་དམངས(ལས་རོགས)ཉེན་རྟོག་པ་མི་ཐེངས་4000ལྷག་ཙམ་ལ་སློབ་གསོ་བརྒྱབ་པ་མ་ཟད། རིགས་གཅིག་མཁས་ཅན་ཐེངས་མང་གདན་འདྲེན་ཞུས་ནས《སྲོལ་ཡིག》འགྲེལ་བཤད་བརྒྱབ་སྟེ་ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་བས་བརྟན་དུ་བཏང་ཡོད། རིགས་པའི་གཞུང་ལུགས་སློབ་སྦྱོང་ཐད་ཡན་ལག་ཅུས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ལྟེ་བའི་ལས་འགན་དུ་བྱས་ཏེ། ཏང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་སྒྲིག་འཛུགས་བྱས་ནས་སློབ་སྦྱོང་དང་། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”ཆེད་དོན་ཏང་གི་སློབ་ཚན་སོགས་ཐེངས་བརྒྱ་ལྷག་ཙམ་གཉེར་ཡོད། མི་དམངས(ལས་རོགས)ཉེན་རྟོག་པ་ཡོངས་ཀྱིས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་ཡོང་བ་བྱས་ཡོད། དུས་མཚུངས་སུ་ཡན་ལག་ཅུས་ཀྱིས་སྒྲིག་ཁྲིམས་དང་སྒྲིག་སྲོལ་ལ་བརྩི་སྲུང་ནན་པོ་ཞུས་ཏེ། ལྟ་ཞིབ་བརྡ་ཁྱབ་གཏོང་བ་དང་། དཔུང་ཁག་གི་སྒྲིག་ཁྲིམས་ནན་པོ་བཟོ་བ། དུག་རྒྱུན་གཙང་སེལ་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱ་ཐབས་སྤེལ་ཡོད། འདུ་ཤེས་འཛིན་སྟངས་འཛུགས་སྐྱོང་ཐད་ཡན་ལག་ཅུས་ཀྱིས་ཆེད་དོན་ཚོགས་འདུ་འཚོགས་ནས《སྤྱི་བདེ་མི་དམངས་ཉེན་རྟོག་པས་དྲ་རྒྱའི་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྤྱོད་པའི“བྱེད་མི་ཆོག་པ་དགུ”》སློབ་སྦྱོང་བྱས་ཏེ། དྲ་རྒྱའི་བྱ་སྤྱོད་ཚད་ལྡན་དུ་བཏང་བ་དང་དྲ་རྒྱའི་འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་པོ་བཙུགས་པ་རེད།

2024ལོའི་སྤྱི་བདེ་སྒྱུར་བཅོས་ཀྱི་བླང་བྱ་གསར་པའི་མདུན་དུ་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཀྱིས་ཁྲོམ་གཞུང་གཅིག་ལ་མངགས་གཏོང་ཁང་གཅིག་འཛུགས་རྒྱུའི་བླང་བྱ་གཞིར་བཟུང་། མངགས་གཏོང་ཁང་ཁག་གི་འགན་འཁྲི་ཕྱོགས་ཡོངས་ནས་ཁ་གསལ་བཟོས་པ་མ་ཟད། མངགས་གཏོང་ཁང་གསུམ་གསར་དུ་འཛུགས་རྒྱུའི་རེ་ཞུའང་བྱས་པ་རེད། “གསང་འཕྲིན་དང་། བཀོད་འདོམས། བྱ་སྤྱོད”བཅས་གཞི་གཅིག་ཅན་གྱི་འཁོར་སྐྱོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བའི་ཐད་ཡན་ལག་ཅུས་ཀྱིས་འགལ་བ་དང་རྩོད་གཞི་འབྱུང་རྩ་ནས་ཐག་གཅོད་བྱས་ཏེ“དྲ་བ་གཅིག”དང“སྟེགས་བུ་གཅིག”འཛུགས་སྐྲུན་དང་བཀོལ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་གཞི་རིམ་གྱི་རྨང་གཞི་སྔར་བས་སྲ་བརྟན་དུ་བཏང་ཡོད། སྤྱི་བདེ་དཔུང་ཁག་དོ་དམ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཐད་གཞི་རིམ་འཐབ་ས་དང་པོའི་ཕུལ་བྱུང་མི་དམངས(ལས་རོགས)ཉེན་རྟོག་པའི་ཁྲོད་ནས་ཏང་ཡོན་གསོ་སྐྱོང་བྱ་རྒྱུར་མཐོང་ཆེན་གྱིས་དཔུང་ཁག་གི་གསོན་ཤུགས་སྐུལ་སྤེལ་བྱས་པ་མ་ཟད། ད་དུང་ལས་གནས་རེས་སྐོར་སྤེལ་རེས་མི་ཐེངས་130བྱས་ནས་མི་347གྱི་འགན་རིམ་སྤར་ཏེ་སྤྱི་བདེ་དཔུང་ཁག་ལ་གསོན་ཤུགས་གསར་པ་བསྣན་པ་རེད།

(ལྷག་ཚེས་བསྒྱུར། ལྷག་ཚེ་དང་བུ་ཁྲིད་ཀྱིས་ཞུས)