དུས་ཡུན་རིང་པོའི་ནང་ཁྲེང་ཀོན་ཆུས་དཔལ་སྡིངས་གྲོང་ཚོས་ཐོག་མཐའ་བར་གསུམ་དུ“མང་ཚོགས་ཀྱི་དགོས་མཁོ”ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཞབས་ཞུའི་ནང་དོན་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་བ་དང་འབྲེལ། ཞབས་འདེགས་ཞུ་སྟངས་དང་བྱ་ཐབས་འཚོལ་ཞིབ་ཧུར་ཐག་བྱས་ཡོད། དཔེ་སྟོན་ཅན་དང་། དྲ་མིག་ཅན། སྐར་གསོག་ཅན་བཅས“ཅན་གསུམ”གྱི་བྱ་ཐབས་གཏོད་པ་དང་། ཕྱོགས་ཡོངས་དང་ཟུར་ཚད་མང་པོ་ནས་འགོ་འཛུགས་པ། དམངས་ཕན་བྱ་ཐབས་རབ་དང་རིམ་པ་སྤྱོད་པ། མང་ཚོགས་ཀྱི་འཕྲལ་མཁོ་དང་། སེམས་ཁྲལ། དཀའ་ངལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ་མང་ཚོགས་ཀྱི་མོས་སེམས་ཆེ་རུ་དང་བློ་ཡིད་ཚིམ་ཚད་མཐོ་རུ་ཏན་ཏིག་བཏང་ཡོད་པ་རེད།
བཅོས་སྐྱོང་གི་ཚད་ཤིང་བཙུགས་ནས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་སྣེ་ཁྲིད་བྱས་པ།
རྒྱལ་ཁབ་རིམ་པའི་ཁག་དང་པོའི་རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་གི་དཔེ་སྟོན་གྲོང་ཚོ་ཡིན་པའི་དཔལ་སྡིངས་གྲོང་ཚོས་ཧྲུའུ་ཅི་དང་པོ་དང་། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ལྟེ་བར་བྱས་ནས་གྲོང་གསེབ་བཅོས་སྐྱོང་ཨུ་ལྷན་བཙུགས་ཤིང་། ཁོངས་མིའི་གྲས་སུ“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་། ཏང་ཡོན་གྱི་འཐུས་མི། ཡུལ་མིའི་འཐུས་མི། བུད་མེད་ཀྱི་འཐུས་མི་སོགས་ཕྱོགས་མང་པོའི་སྟོབས་ཤུགས་ཚུད་ཡོད། བཅོས་སྐྱོང་བྱེད་རིང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་མངོན་པར་བྱས་ནས། ཏང་ཡོན་རོགས་སྐྱོར་ཚོགས་ཆུང་བཙུགས་ཏེ་ཡུལ་མིའི་ཁྱིམ་ཚང་དུ་དགོས་མཁོ་ཤེས་རྟོགས་དང་དཀའ་ངལ་ཐག་གཅོད་བྱེད་པར་བསྐྱོད་ཡོད། དེ་དང་ཆབས་ཅིག་རྩོད་གཞི་འདུམ་འགྲིག་ཁང་བཙུགས་ཏེ་ཉམས་མྱོང་ཕུན་སུམ་ཚོགས་ཤིང་སྤྱོད་གྲགས་གཉིས་ལྡན་གྱི་ཡུལ་མིས་འདུམ་འགྲིག་པའི་འགན་ཁུར་ནས། བཅའ་ཁྲིམས་ཀྱི་དོན་ཚན་དང་གྲོང་སྲོལ་དམངས་ཆིངས་གཞིར་བཟུང་། ཁྱིམ་མཚེས་དབར་གྱི་འགལ་བ་དང་ས་ཞིང་གི་རྩོད་གཞི་སོགས་ཀྱི་གནད་དོན་གཞུང་དྲང་ངང་ཐག་གཅོད་བྱས་ཡོད་པ་རེད།
དཔལ་སྡིངས་གྲོང་ཚོ་དེ་ཉིད་རྒྱལ་ཡོངས་ཀྱི“གྲོང་ཚོ་རེར་སྤུས་རྟགས་རེའི”དཔེ་སྟོན་གྲོང་ཚོ་དང་གྲོང་རྡལ་ཁག་དྲུག་པར་ཚུད་རྗེས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཡོད། ལུང་ཤུར་ས་ཁོངས་རིག་གནས་ཡུལ་སྐོར་གྱི་ཁྱད་ཆོས་ལ་དམིགས་ནས་ཁྱད་ལྡན་ལམ་ཐིག་འཆར་འགོད་དང་། རང་བྱུང་མཛེས་ལྗོངས་དང་དམངས་སྲོལ་རིག་གནས་མཉམ་འདྲེས་གཏིང་ཟབ། ཚད་གཞི་མཐོ་བའི་གྲོང་གསེབ་ཀྱི་སྒར་སྡོད་རྟེན་གཞི་སྐྲུན་པ་བཅས་བྱས་ཏེ་ཡུལ་སྐོར་བའི་སྣ་མང་ཅན་གྱི་དགོས་མཁོ་བསྐངས་ཡོད་པ་རེད།
དོ་དམ་ཞབས་ཞུ་ཞིབ་ཚགས་བཟོས་ནས་བཅོས་སྐྱོང་དྲ་རྒྱ་དམ་ཚགས་སུ་བཏང་བ།
ཏང་རྩ་འཛུགས“རྟེན་ས”ཞིག་ཏུ་འགྱུར་བར་བྱ་ཆེད། དཔལ་སྡིངས་གྲོང་ཚོས་ལེགས་སྒྲིག་བྱས་པ་བརྒྱུད། གཞི་རིམ་ཏང་རྩ་འཛུགས་ཁྱབ་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་དེ་སྔའི་དྲ་མིག་4ནས་དྲ་མིག་20བར་མང་དུ་བཏང་ཡོད། གཞི་རིམ་ཏང་རྩ་འཛུགས་ཀྱི་མ་ལག་དྲ་མིག་ཕྱོགས་སུ་ཁྱབ་པར་སྐུལ་འདེད་བཏང་ནས“ཏང་རྩ་འཛུགས་དང་། དྲ་མིག་ཏང་ཀྲི་པུའུ། ཏང་ཡོན་གྱི་ལྟེ་བའི་དུད་ཚང”བཅས་ཀྱི་རིམ་གསུམ་རྩ་འཛུགས་སྒྲོམ་གཞི་འཐུས་སྒོ་ཚང་དུ་བཏང་བ་དང་། ད་ཆ་དྲ་མིག་ཏང་ཀྲི་པུའུ་5དང་ཏང་ཡོན་གྱི་ལྟེ་བའི་དུད་ཚང26ཡོད། དྲ་མིག་ཏང་ཀྲི་པུས་ཏང་ཡོན་གྱི་ལྟེ་བའི་དུད་ཚང་སྣེ་ཁྲིད་དུ་བྱས་ཤིང་། དྲ་མིག་ནང་གི་ཏང་ཡོན་གྱིས་ཡུལ་དེ་གའི“མི་དང་། དོན་དག ས་ཆ། གནས་ཚུལ། དངོས་པོ”བཅས་ལ་རྒྱུས་མངའ་ཡོད་པའི་ལེགས་ཆ་གང་ལེགས་སྤྱད་ནས། གྲོང་ཚོ་དང་གྲོང་ལྷན་གྱི་རྒྱུན་གཏན་ལས་དོན་ཐག་གཅོད་བྱེད་རོགས་བྱེད་པ་དང་། སྣེ་ཁྲིད་སྐུལ་ཁྲིད་ཀྱི་ནུས་པ་བཏོན་ཏེ་སྤུས་ཚད་མཐོ་བའི་ཞབས་ཞུར་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་བསྣན་ཡོད་པ་རེད།
ནང་སྐྱེས་ཀྱི་སྒུལ་ཤུགས་འཕེལ་བར་བྱས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་པ།
ཉེ་བའི་ལོ་ཤས་རིང་། དཔལ་སྡིངས་གྲོང་ཚོས་གཞི་རིམ་ཏང་རྩ་འཛུགས་འབྲེལ་ཐག་ཏུ་བྱེད་པ་དང་། སྐར་གསོག་བཅོས་སྐྱོང་བྱེད་སྟངས་དམ་འཛིན་བྱ་གཞིར་བྱེད་པ། དང་བླངས་ཞབས་ཞུའི་དཔུང་ཁག་འདེགས་སྐྱོར་དུ་བྱེད་པ་བཅས་མཐའ་འཁྱོངས་ཀྱིས《དཔལ་སྡིངས་གྲོང་ཚོའི་བཅོས་སྐྱོང་སྐར་གསོག་ལམ་ལུགས་ཀྱི་ལག་བསྟར་ཞིབ་སྲོལ》བཏོན་ནས། “ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་། སྡེ་ཁུལ་གྱིས་སྣེ་ཁྲིད། དམངས་ཡོངས་ཞུགས་པ”བཅས་ཀྱི་སྤྱིའི་བསམ་ཕྱོགས་གཞིར་བཟུང་། དཔལ་སྡིངས་གྲོང་ཚོ་ཏང་ཨུད་ཀྱིས་སྣེ་ཁྲིད་དེ“སྐར་གསོག”སྐར་གྲངས་དཔྱད་བསྡུར་གྱི་ཞིབ་སྲོལ་བཟོས་པ་དང་། དཔྱད་མོལ་ཚོགས་ཆུང་བཙུགས་ཏེ་ལྟ་སྐུལ་མ་ལག་དོན་འཁྱོལ་བྱས་ཡོད། ཏང་ཡོན་དང་མང་ཚོགས“སྐར་གསོག”རྣམ་གྲངས་ནང་རང་འགུལ་ངང་ཞུགས་ནས། སྡེ་ཁུལ་གྱི་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ལེགས་གཏོང་དང་། ཤེས་དཔལ་ལྡན་པའི་ཡུལ་སྲོལ་འཛུགས་སྐྱོང་། གྲོང་ཁྱེར་གྱི་གཞི་རིམ་བཅོས་སྐྱོང་སོགས་ཀྱི་རྣམ་གྲངས་ཁྲོད་རིམ་པས་སྐར་མ་བསགས་ཏེ་གཏན་འཁེལ་གྱི“སྐར་གསོག”བརྗེ་སར་འཚོ་བའི་མཁོ་ཆས་དང་ཁྱད་ལྡན་ཞབས་ཞུ་སོགས་བརྗེ་ཡི་ཡོད་པ་རེད།
གོམ་སྟབས་རྗེས་མར། དཔལ་སྡིངས་གྲོང་ཚོས་དཔེ་སྟོན་ཅན་དང་། དྲ་མིག་ཅན། སྐར་གསོག་ཅན་བཅས“ཅན་གསུམ”གྱི་བྱ་ཐབས་རྒྱུན་མཐུད་སྤྱད་ནས། ཕྱོགས་མང་མཐུན་སྦྱོར་གྱིས་ཤུགས་རྒྱག་པ་དང་། ཞབས་འདེགས་ཞུ་སྟངས་གསར་གཏོད། གཞི་རིམ་གྱི་བཅོས་སྐྱོང་ལས་ཕྱོད་དང་ནུས་པ་རྒྱུན་མཐུད་ཆེ་རུ་གཏོང་བ། མང་ཚོགས་ཞུགས་ཚད་དང་བློ་ཡིད་ཚིམ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་བ་བཅས་བྱས་ཏེ་གྲོང་གསེབ་བཅོས་སྐྱོང་ལ་མུ་མཐུད་གསོན་ཤུགས་སྣོན་རྒྱུ་རེད།
(པད་ཆོས་ཀྱིས་བསྒྱུར། པ་ཚེས་ཞུས)