ལོ་ལྟར་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག་ལས་ཞུགས་དང་། སྨན་བཅོས། སྡོད་ཁང་། སློབ་གསོ་སོགས་ཀྱི་དམངས་འཚོའི་བརྗོད་བྱ་ནི་གླེང་མང་ཤོས་ཤིག་རེད། ད་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་སྟངས་འཛིན་ནན་པོ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་ཏུ་བསྒྲིལ་རྒྱུ་དེ་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩི་བ་དང་། སྲིད་དོན་དམངས་ལ་འདྲི་བ་དང་། མཁོ་དགོས་དམངས་ལ་འདྲི་བ། ཐབས་ཇུས་དམངས་ལ་འདྲི་བ་བཅས་མཐའ་འཁྱོངས་བྱས་ཏེ། མང་ཚོགས་ལ་མིག་མཐོང་ལག་ཟིན་དང་ཕན་ཐོགས་ཆེ་བའི་བྱ་བ་དངོས་དང་བྱ་བ་བཟང་པོ་མང་ཙམ་བསྒྲུབས་ཏེ་འཕེལ་རྒྱས་ལས་བྱུང་བའི་གྲུབ་འབྲས་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཕན་པ་དེ་བས་མང་བ་ཐོབ་པར་བྱེད་དགོས་ཞེས་བསྟན་ཡོད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་སྤྱི་ཅུས་ཀྱི་མཐོ་རིམ་བཟོ་པ་ཕུའུ་ལི་ལི་ཡིས། ལས་ཞུགས་ལས་གཏོད་ཐད། ཁྲེང་ཀོན་ཆུས་ཀྱིས་2024ལོའི་ཟླ་11པར་གཞོན་ནུའི་ལས་གཏོད་གླེང་སྟེགས་དང་ལས་གཏོད་གྲུབ་འབྲས་ཀྱི་འགྲེམས་སྟོན་བྱེད་སྒོ་སྐབས་དང་པོ་བདེ་བླག་ངང་གཉེར་བ་དང་། ལས་གཏོད་འཐུས་མི་100ལྷག་ཙམ་གདན་འདྲེན་ཞུས་ནས་ཚན་རྩལ་དང་། མི་རིགས་ལག་ཤེས་ཐོན་རྫས། རིག་གནས་སློབ་གསོ་སོགས་ཁྱབ་ཁོངས་མང་པོའི་ཕུལ་བྱུང་ལས་གཏོད་རྣམ་གྲངས་དང་ཐོན་རྫས་འགྲེམས་སྟོན་གྱིས་མཐོ་སློབ་དང་ཁེ་ལས་ཀྱི་གཞོན་ནུ་ལས་གཏོད་པར་སྤེལ་རེས་མཉམ་འགུལ་གྱི་ལས་སྟེགས་བཏོད་ཡོད། ཁྲེང་ཀོན་ཆུས་ཀྱི་2024ལོའི་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་97.11%ཟིན་པ་དང་། མཐོ་སློབ་སྣ་ཚོགས་ཀྱི་ལས་ཞུགས་ལས་གཏོད་ཁ་གསབ་དངུལ་སྒོར་དུང་ཕྱུར་2.1སྤྲད་ཡོད། སྤྱི་ཚོགས་འགན་སྲུང་གི་ཞབས་ཞུའི་བྱེད་སྟངས་གསར་གཏོད་ཐད། སྡེ་ཁུལ་དུ་སྤྱི་ཚོགས་འགན་སྲུང་སྒྲུབ་གཉེར་ལས་སྒོའི“ཐག་ཉེ་སར་བསྒྲུབ་པའི”རང་འདེམས་ཞབས་ཞུའི་དྲ་ཚིགས་གསར་དུ་བཙུགས་ནས་སྤྱི་ཚོགས་འགན་སྲུང་ཞབས་ཞུ་སྡེ་ཁུལ་དུ་སྣུར་སྲིང་ཐུབ་པ་བྱས་ཡོད། མིག་སྔར། ཀླུ་སྒུག་དང་། སྦྲ་ནག་ཞོལ། སྣ་རུ། རིན་ཆེན་ཚལ། རྒྱ་མཚོ་བཅས་སྡེ་ཁུལ་ལྔ་ཡི“ཉེ་སར་བསྒྲུབ་པའི”རང་འདེམས་ཞབས་ཞུའི་དྲ་ཚིགས་ཚང་མ་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དེས་གྲོང་མི་མང་ཚོགས་ཀྱིས་དོན་དག་བསྒྲུབ་རྒྱུ་སྟབས་ཧ་ཅང་བདེ་རུ་ཕྱིན་པ་མ་ཟད། མང་ཚོགས་འགན་བཅོལ་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་དང་བློ་ཡིད་ཚིམ་ཚད་མཐོ་རུ་ཕྱིན་ཡོད། ཁྲེང་ཀོན་ཆུས་ཀྱི་2024ལོའི་གཞི་རྩའི་རྒན་གསོའི་འགན་བཅོལ་ལ་ཞུགས་མཁན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་གྲངས་30624ཟིན་ནས་འགན་བཅོལ་ལ་ཞུགས་ཚད་95%ཡན་ཟིན་ཡོད་ཅེས་ངོ་སྤྲོད་གནང་ཡོད།
ཕུའུ་ལི་ལི་ཡིས། 2025ལོར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་སྤྱི་ཅུས་ཀྱིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ནས“ཁུལ་ལྔ་འཛུགས་སྐྲུན”བྱེད་པ་དེ་ཤུགས་རྒྱག་སར་བརྩིས་ནས་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་དེ་བས་མང་བ་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།
(ཚེ་དབང་ལྷ་མོས་བསྒྱུར། པ་སངས་ཚེ་རིང་གིས་ཞུས)