འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི《2025ལོའི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་མཚན་ཚོགས》ནི་དཔྱིད་གསར་དུས་ཆེན་དེ་ཤུལ་བཞག་ལ་རེ་ཞུ་བདེ་བླག་བྱུང་རྗེས་ཀྱི་མཚན་ཚོགས་སྐབས་དང་པོ་དེ་ཡིན་པ་དང་། ཁྲུང་ཆིང་དང་། ཧུའུ་པེ་ཝུའུ་ཧན། བོད་ལྗོངས་ལྷ་ས། ཅང་སུའུ་ཝུའུ་ཞི་བཅས་ཡན་ལག་ཚོགས་ར་བཞི་བཙུགས་ནས་པེ་ཅིང་གི་ཚོགས་ར་གཙོ་བོ་དང་མཉམ་དུ་ཡིད་དབང་འཕྲོག་ཤུགས་ལྡན་པའི“ལོ་གསར་གནམ་གང་གི་རིག་གནས་ཀྱི་སྟོན་མོ”གཟབ་རྒྱས་ཤིག་གཤོམ་རྒྱུ་ཡིན་པ་རེད། དེས་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱིས་ཚད་མཐོའི་དོ་ཁུར་གནང་ཞིང་། ཚང་མས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་བོད་ལྗོངས་ལྷ་སར་གཉེར་རྒྱུའི་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་གསུངས་པ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཉི་མ་མཚམས་གཅོད་ཀྱིས་འདི་ལོའི་དཔྱིད་གསར་དུས་ཆེན་མཚན་ཚོགས་ཀྱི་ལྷ་སའི་ཡན་ལག་ཚོགས་རའི་སྐོར་གླེང་སྐབས། “ཡན་ལག་ཚོགས་ར་བཙུགས་པ་ལས་རྒྱལ་ཡོངས་མི་དམངས་ཀྱིས་བོད་ལ་དོ་སྣང་ཡོང་ཐུབ། མི་མང་པོས་བོད་ལ་ད་དུང་རྒྱུས་མངའ་དེ་ཙམ་མེད། ངའི་བསམ་པར་ད་རེས་ཀྱི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ལས་མི་དེ་བས་མང་བས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཤེས་རྟོགས་ཐུབ་ལ། ང་ཚོའི་ཐུན་མིན་གྱི་རིག་གནས་སྒྱུ་རྩལ་ཡང་ཤེས་རྟོགས་ཐུབ་ཀྱི་རེད། རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ཡོངས་ཀྱི་ཡུལ་སྐོར་བ་དང་གྲོགས་པོ་ཚོ་བོད་དུ་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ལ་ལྟ་བ་དང་ལོ་གསར་གཏོང་བར་ཡོང་རྒྱུར་དགའ་བསུ་ཞུ་གི་ཡིན”ཞེས་གསུངས་པ་རེད།
རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་རྒྱལ་དབང་གྲགས་ཀྱིས“རིག་རྩལ་ལས་རིགས་ཀྱི་ཨུ་ཡོན་ཞིག་ཡིན་པའི་ངོས་ནས། ང་ཡན་ལག་ཚོགས་རའི་ཆས་སྤྲས་སྔོན་སྦྱོང་ནང་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་ལ། ངས་མཚན་ཚོགས་འཚོག་ཡུལ་དུ་བོད་ཡིག་གི་རྟེན་འབྲེལ་ཤིས་ཚིག་བྲིས་ཏེ་ལྟད་མོ་བར་སྤྲད་པ་ཡིན། ཡན་ལག་ཚོགས་ར་བཙུགས་པ་དེ་ཐོག་ནས་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་གྲངས་ཉུང་མི་རིགས་ཀྱི་རིག་གནས་དང་མངོན་མིན་རིག་གནས་ཤུལ་བཞག་ལ་མཐོང་ཆེན་གནང་བ་མཚོན་གྱི་ཡོད་པས། ད་ཐེངས་ཀྱི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་བདེ་བླག་ངང་འཚོག་ཐུབ་པའི་སྨོན་འདུན་ཞུ་གི་ཡིན”ཞེས་སེམས་འགུལ་ཐེབས་བཞིན་དུ་གསུངས་པ་རེད།
རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ཏི་ལུང་གིས“ད་ལོའི་དཔྱིད་གསར་དུས་ཆེན་མཚན་ཚོགས་ཀྱི་ཡན་ལག་ཚོགས་ར་ང་ཚོའི་ལྷ་སར་བཙུགས་པས། མི་དེ་བས་མང་བས་བོད་ཀྱི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མཐོང་ཐུབ། ལེ་ཚན་ནང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱིས་ཕྱུག་པའི་ལེ་ཚན་ལས་མི་རིགས་ཁག་སེ་འབྲུའི་རྡོག་བུ་བཞིན་གངས་ལྗོངས་ས་མཐོར་གོང་བུ་གཅིག་ཏུ་སྒྲིལ་བའི་ཕན་ཚུན་ལྟ་སྐྱོང་གི་དྲོ་སྐྱིད་ལྡན་པའི་བརྩེ་བ་ལྷག་པར་མངོན་ནས། མི་རིགས་ཁག་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གདེང་ཚོད་བརྟན་པོ་བརྒྱུད་སྤྲོད་ཐུབ་ཀྱི་རེད”ཅེས་གསུངས་པ་རེད།