འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་16ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་དམག་ཁུལ་ཁང་ཏང་ཨུད་སྐབས་བཅུ་གཅིག་པའི་ཚང་འཛོམས(རྒྱ་ཆེ)གྲོས་ཚོགས་ཐེངས་གསུམ་པ་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེན་གྱི་དགོངས་པར་བརྟེན་ནས་ལས་ཀའི་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་དང་དུས་རབས་གསར་པའི་དམག་དོན་འཐབ་ཇུས་དང་མཛད་ཕྱོགས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་བ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། མཐའ་སྲུང་བོད་བརྟན་གྱི་བླ་ན་མེད་པའི་འགན་འཁྲི་མཐའ་གཅིག་ཏུ་སྒྲུབ་པ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། 2024ལོ་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཀྱི་སྤྱིར་བཏང་མིན་པའི་ལོ་ཞིག་རེད། ལོ་གཅིག་རིང་། བོད་དམག་ཁུལ་ཁང་གིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པས། ཆབ་སྲིད་ཀྱི་ཁྲིད་སྟོན་ལ་སྔར་བས་ཤུགས་སྣོན་ཐེབས་པ་དང་། དམག་སྦྱོང་དང་དམག་གྲབས་ལ་མཆོང་སྐྱོད་གསར་པ་བྱུང་བ།
(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) གཞི་རིམ་འཛུགས་སྐྱོང་ལ་རྣམ་པ་གསར་པ་མངོན་པ། ས་གནས་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་གསར་པ་མངོན་པ་བཅས་རེད། ལྷག་པར་དུ་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ཡོམ་འགོག་གེགས་སེལ་ཁྲོད། དམག་ཁུལ་ཁང་གི་དཔུང་སྡེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། བཀའ་འབྱོར་འཕྲལ་སྒྲུབ་དང་བཀའ་ཉན་ལག་བསྟར་གྱིས་ཡོང་ན་འཐབ་ཐུབ་པ་དང་འཐབ་ན་རྒྱལ་ངེས་ཡིན་པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་ཉེན་སེལ་གུད་སྐྱོབ་བྱེད་པ། ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས་བྱེད་པ། ས་གནས་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་ཡག་པོ་བཅས་བྱས་ཏེ། གཙོ་ཤུགས་དམག་དཔུང་དང་འཕྲལ་རྒོལ་རུ་ཁག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་པར་མི་དམངས་མང་ཚོགས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ཐོབ་ཡོད། དམག་ཁུལ་ཁང་གི་དཔུང་སྡེ་ནི་གཟི་བརྗིད་ལྡན་པའི་གསར་བརྗེའི་སྲོལ་རྒྱུན་གྱི་དཔུང་སྡེ་ཡག་པོ་ཞིག་དང་། ཏང་གི་བཀོད་འདོམས་ལ་ཉན་པ་དང་། འཐབ་ན་རྒྱལ་ངེས་ཡིན་པ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་དཔུང་སྡེ་ཡག་པོ་ཞིག་རེད། མི་དམངས་བུ་ཕྲུག་དམག་ནི་ནམ་ཡང་མེས་རྒྱལ་སྲུང་སྐྱོང་བྱེད་པའི་ལྕགས་རི་རིང་པོ་ཞིག་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་། མེས་རྒྱལ་གཅིག་གྱུར། མི་རིགས་མཐུན་སྒྲིལ། མཐའ་མཚམས་བརྟན་ལྷིང་བཅས་སྲུང་སྐྱོང་བྱེད་པའི་སྲོག་ཤིང་ཀ་རྟེན་ཞིག་ཡིན་པ་ལག་ལེན་ལས་ར་འཕྲོད་གང་ལེགས་བྱུང་ཡོད། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ཏེ་དམག་ཁུལ་ཁང་གི་དཔུང་སྡེས་བོད་ཀྱི“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་དོན་ཆེན་བཞིའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་བོད་སྡོད་དཔོན་དམག་ཡོངས་ལ་བླ་ན་མེད་པའི་གུས་འདུད་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་ནས་ཁོང་ཚོར་གཟི་བརྗིད་ཆེན་པོ་ཚོར་བར་གནང་བ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། མིག་སྔར་བོད་ལྗོངས་འདི་ཉིད་ཡུན་རིང་བརྟན་ལྷིང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་འགག་རྩའི་དུས་མཚམས་སུ་གནས་ཡོད། དམག་ཁུལ་ཁང་གི་དཔུང་སྡེས་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱ་རྒྱུར་དམིགས་ཏེ་ལྷག་བསམ་རྣམ་དག་དངོས་སུ་ཐུབ་པ་དང་། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་བ། ཆབ་སྲིད་ཀྱི་དག་ཐེར་དང་སློབ་གསོར་ཤུགས་སྣོན་རྒྱག་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་དུ་གཏོང་བ། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བཅས་བྱས་ཏེ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ཏང་ཀྲུང་དབྱང་དང་། ཀྲུང་དབྱང་དམག་ཨུད། ཀྲུའུ་ཞི་ཞི་ཅིན་ཕིང་བཅས་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱེད་དགོས། རྒྱལ་སྲུང་གི་སྐུལ་སློང་ནུས་པར་ཤུགས་སྣོན་རྒྱག་པ་དང་། དམག་དོན་དགོས་མཁོ་སྦྲེལ་མཐུད་དང་སྐུལ་སློང་ནུས་པ་གཞན་སྒྱུར་ལ་ཤུགས་སྣོན་རྒྱག་པ། ཚན་རྩལ་སྐུལ་སློང་དང་། ཆ་འཕྲིན་སྐུལ་སློང་། བློ་གྲོས་སྐུལ་སློང་བཅས་ཀྱི་བྱ་ཐབས་གསར་པ་འཚོལ་ཞིབ་བཅས་བྱས་ནས་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།
བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཆབ་སྲིད་ཨུ་ཡོན་ཡོན་ཧུང་ཀང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སི་ལིང་ཡོན་ཝང་ཁའེ་ཚོགས་འདུར་ཞུགས་པ་རེད། ཚོགས་འདུའི་ཐོག་སྔོན་ཐོན་ཚན་པ་དང་སྔོན་ཐོན་མི་སྒེར་གྱི་འཐུས་མིར་བྱ་དགའ་སྤྲད་པ་རེད།
(ཉི་དོན་དང་བདེ་དབང་གིས་སྒྱུར་ཞུས་བྱས)