ཀྲུང་གོའི་ཆུ་རྐྱལ་རྣམ་གྲངས་ཆེན་པོར་ཚད་བརྒལ་བྱུང་བ། 2024ལོའི་ཟླ་2པའི་ཏོ་ཧ་ཡི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ཐོག ཀྲུང་གོའི་ཆུ་རྐྱལ་རུ་ཁག་གིས་གསེར་གྱི་རྟགས་མ་7བླངས་ནས་འཛམ་གླིང་གི་ཟིན་ཐོ་གསར་པ་བཏོད་དེ་ཚད་བརྒལ་གྱི་ལོ་འགོ་བརྩམས་པ་རེད། ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཐོག་ཕན་ཀྲན་ལེས་རང་ཉིད་ཀྱིས་རྒྱུན་འཁྱོངས་བྱས་པའི་སྐྱེས་པའི་སྨི་100ཡི་རང་མོས་ཆུ་རྐྱལ་གྱི་འཛམ་གླིང་གི་ཟིན་ཐོ་བཏོད་ནས་གསེར་གྱི་རྟགས་མ་བླངས་པ་མ་ཟད། རུ་གྲོགས་ཞུས་ཅ་ཡུས་དང་། ཆན་ཧའེ་དབྱང་། སུན་ཅ་ཅུན(ཝང་ཁྲང་ཧའོ། གྲ་སྒྲིག་འགྲན་བསྡུར)བཅས་དང་མཉམ་དུ་སྐྱེས་པའི་སྨི་4x100ཡི་མཉམ་བསྲེས་ཆུ་རྐྱལ་མཐུད་རྒྱུག་འགྲན་བསྡུར་གྱི་ཨང་དང་པོ་བླངས་ཏེ། ཨ་རིའི་རུ་ཁག་གིས་ཨོ་རྩལ་འགྲན་ཚོགས་ཐོག་རྣམ་གྲངས་དེར་ལོ་40བསྟུད་མར་གསེར་གྱི་རྟགས་མ་བླངས་པའི་ཟིན་ཐོ་ལས་བརྒལ་བ་དང་། ཀྲུང་གོའི་གར་སྟབས་རྐྱལ་རྩེད་རུ་ཁག་གིས་ལོ་རྒྱུས་ཁྲོད་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ལེན་མྱོང་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་ནས་མཉམ་སྡེབ་དང་ཆ་རྒྱག་རྣམ་གྲངས་ཀྱི་གསེར་གྱི་རྟགས་མ་གཉིས་བླངས་པ་དང་། ཀྲུང་གོའི་ཆུ་མཆོང་རུ་ཁག་གིས་ཐེངས་དང་པོར་གསེར་གྱི་རྟགས་མ་ཚང་མ་བླངས་པ་རེད། འདི་ནི་2024ལོའི་ཟླ་8ཚེས་4ཉིན། ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཀྱི་ཆུ་རྐྱལ་རྣམ་གྲངས་ཀྱི་སྐྱེས་པའི་སྨི་4x100ཡི་མཉམ་བསྲེས་མཐུད་རྐྱལ་གྱི་བྱ་དགའ་སྤྲོད་པའི་མཛད་སྒོར་ཞུགས་པའི་ཨང་དང་པོ་ཐོབ་པའི་ཀྲུང་གོའི་རུ་ཁག(སྟེང)དང་། ཨང་གཉིས་པ་ཐོབ་པའི་ཨ་རིའི་རུ་ཁག(འོག་གི་གཡོན) ཨང་གསུམ་པ་ཐོབ་པའི་ཧྥ་རན་སེའི་རུ་ཁག་བཅས་ཡིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཏུའུ་ཡུས་ཀྱིས་པར་བརྒྱབ།
རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་ནང་སོག་རང་སྐྱོང་ལྗོངས་སུ་འཚོགས་པ། 2024ལོའི་ཟླ་2ཚེས་17ནས་27ཉིན་བར། རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་ནང་སོག་རང་སྐྱོང་ལྗོངས་སུ་འཚོགས་པ་དང་། “ཐེངས་དང་པོ”མང་པོ་ཐོབ་པ་སྟེ། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་མཇུག་འགྲིལ་རྗེས་རང་རྒྱལ་གྱིས་རྒྱལ་ཡོངས་ཀྱི་དགུན་དུས་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འགྲན་བསྡུར་ཐོག་མ་དེ་གཉེར་བ་དང་། མང་ཚོགས་ཀྱི་འགྲན་བསྡུར་རྣམ་གྲངས་ཐེངས་དང་པོ་བཀོད་སྒྲིག་བྱས་ཤིང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཚན་པར་བྱས་ནས་ཚོགས་པ་སྒྲིག་འཛུཌ་ཀྱིས་འགྲན་བསྡུར་ལ་ཐེངས་དང་པོ་ཞུགས་པ་དང་། དགུན་དུས་ཨོ་རྩལ་འགྲན་ཚོགས་ནང་བཀོད་སྒྲིག་བྱས་པའི་རྣམ་གྲངས་ལ་ཕྱོགས་ཡོངས་ནས་དཔེ་བསྡུར་ཐེངས་དང་པོ་བྱས་པ། ནང་སོག་གིས་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་འགྲན་བསྡུར་གཉེར་འགན་ཁུར་ཐེངས་དང་པོ་སོགས་རེད། འདི་ནི་2024ལོའི་ཟླ་2ཚེས་17ཉིན། རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོཌ་སྐབས་བཅུ་བཞི་པའི་དཔལ་འབར་གཙོ་བོ་འགོ་ཚུགས་མཛད་སྒོའི་ཐོག་སྤར་བ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལན་ཀྲེན་གྱིས་པར་བརྒྱབ།
ཀྲུང་གོའི་བྱ་སྒྲོའི་སྤོ་ལོའི་རུ་ཁག་གིས་ལོ་12སོང་རྗེས་སླར་ཡང་ཐང་མུའུ་སི་བུམ་པ་དང་ཡིའུ་པོ་བུམ་པ་བླངས་པ། 2024ལོའི་ཟླ་5ཚེས་5ཉིན། ཀྲུང་གོའི་སྐྱེས་པ་དང་བུད་མེད་ཀྱི་བྱ་སྒྲོའི་སྤོ་ལོའི་རུ་ཁག་གིས་ཁྲེང་ཏུར་གཉེར་བའི་ཐང་མུའུ་སི་བུམ་པ་དང་ཡིའུ་པོ་བུམ་པའི་མཐའ་བསྡུར་ནང་། ཧིན་རྡུ་ཉི་ཞི་ཡ་རུ་ཁག་ལས་རྣམ་པར་རྒྱལ་ནས། རུ་ཁག་དེའི་ལོ་རྒྱུས་ཀྱི་ཐང་མུའུ་སི་བུམ་པ་11པ་དང་ཡིའུ་པོ་བུམ་པ་16པ་བླངས་ཏེ་ལོ་12སོང་རྗེས་སླར་ཡང་ཐང་ཡིའུ་བུམ་པ་གཉིས་ཀ་བླངས་པ་རེད། འདི་ནི་2024ལོའི་ཟླ་5ཚེས་5ཉིན། ཀྲུང་གོའི་རུ་ཁག་གི་ཁོངས་མིས་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་ཨང་དང་པོ་ཐོབ་པར་རྟེན་འབྲེལ་ཞུ་བ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཅང་ཧུང་ཅིང་གིས་པར་བརྒྱབ།
རྒྱལ་ཡོངས་ཀྱི་དམངས་ཡོངས་ལུས་སྦྱོང་འགྲན་བསྡུར་ཆེ་མོ་སྐབས་དང་པོ་འཚོགས་པ། 2024ལོའི་ཟླ་5ཚེས་20ཉིན། རྒྱལ་ཡོངས་ཀྱི་དམངས་ཡོངས་ལུས་སྦྱོང་འགྲན་བསྡུར་ཆེ་མོ་སྐབས་དང་པོ་ཧྲེན་དབྱང་དུ་འགོ་ཚུགས་ཤིང་། འགྲན་བསྡུར་དེར་འགྲན་ཁུལ་བདུན་ཡོད་པ་དང་འགྲན་བསྡུར་རྣམ་གྲངས་6000ལྷག་ཙམ་བཀོད་སྒྲིག་བྱས་པའི་ནང་ལུས་རྩལ་རྣམ་གྲངས་100ཙམ་ཚུད་ཅིང་། དེའི་ནང་ཞུགས་མཁན་མི་གྲངས་ཁྲི་200ལྷག་ཙམ་ཟིན་ཡོད་པ་རེད། འདི་ནི་2024ལོའི་ཟླ་5ཚེས་20ཉིན། འཁྲབ་སྟོན་པས་རྒྱལ་ཡོངས་ཀྱི་དམངས་ཡོངས་ལུས་སྦྱོང་འགྲན་བསྡུར་སྐབས་དང་པོའི་འགོ་ཚུགས་མཛད་སྒོ་འཚོག་ཡུལ་དུ་འཁྲབ་སྟོན་བྱེད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕན་ཡུས་ལུང་གིས་པར་བརྒྱབ།
ཀྲེང་ཆིན་ཝུན་གྱིས་ཀྲུང་གོའི་དྲ་བའི་སྤོ་ལོའི་སྣེ་ཁྲིད་ནས་ལོ་རྒྱུས་ཀྱི་ཟིན་ཐོ་བཏོད་པ། 2024ལོའི་ཟླ་8ཚེས་3ཉིན། ཀྲེང་ཆིན་ཝུན་ལ་ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཀྱི་དྲ་བའི་སྤོ་ལོའི་བུད་མེད་རྐྱང་རྒྱག་གི་ཨང་དང་པོ་ཐོབ་ནས་ཨོ་རྩལ་འགྲན་ཚོགས་ཀྱི་དྲ་བའི་སྤོ་ལོ་རྐྱང་རྒྱག་གི་གསེར་གྱི་རྟགས་མ་ཐོབ་མཁན་ཨེ་ཤེ་ཡའི་བདམས་ཐོན་པ་ཐོག་མར་གྱུར་པ་རེད། དེས་མ་ཟད་ཁོ་མོར་ད་དུང་ཨོ་སི་ཁྲུ་ལི་ཡའི་དྲ་བའི་སྤོ་ལོའི་ཡོངས་བསྒྲགས་འགྲན་བསྡུར་དང་བུད་མེད་ཀྱི་དྲ་བའི་སྤོ་ལོའི་བདམས་ཐོན་པའི་མཐུན་ཚོགས(WTA)ཀྱི་ལོ་མཇུག་གི་མཐའ་བསྡུར་གྱི་ཨང་གཉིས་པ་སོ་སོར་ཐོབ་པ་རེད། ཝང་ཤིན་ཡུས་དང་ཀྲང་ཀྲི་ཀྲེན་ལ་ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཀྱི་མཉམ་བསྲེས་ཆ་རྒྱག་གི་དངུལ་གྱི་རྟགས་མ་ཐོབ་པ་དང་། ཧྲང་ཅུན་ཁྲེང་སྐྱེས་པའི་རྐྱང་རྒྱག་གི་འཛམ་གླིང་གི་མདུན་གྲས་50ཡི་ཁྲོད་ཀྱི“05ནང་སྐྱེས་ཀྱི”སྤོ་ལོ་རྒྱག་མཁན་ཐོག་མར་གྱུར་ཞིང་། ཀྲུའུ་ཀྲེན་ཀྲེན་ལ་ཧྥ་རན་སེ་དྲ་བའི་སྤོ་ལོའི་ཡོངས་བསྒྲགས་འགྲན་བསྡུར་གྱི་རྐུབ་སྟེགས་འཁོར་ལོ་ཅན་གྱི་དྲ་བའི་སྤོ་ལོའི་བུད་མེད་རྐྱང་རྒྱག་གི་ཨང་གཉིས་པ་ཐོབ་པ་རེད། འདི་ནི་2024ལོའི་ཟླ་8ཚེས་3ཉིན། ཀྲེང་ཆིན་ཝུན་གྱིས་ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཀྱི་དྲ་བའི་སྤོ་ལོའི་བུད་མེད་རྐྱང་རྒྱག་གི་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་གསེར་གྱི་རྟགས་མ་སྟོན་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལའེ་ཤང་ཏུང་གིས་པར་བརྒྱབ།