《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年01月17日

ལིའུ་ཅང་གིས་རང་སྐྱོང་ལྗོངས་ཡོམ་འགོག་གེགས་སེལ་གཞུང་དོན་ཁང་གི་བརྙན་ལམ་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་15ཉིན་གནས་ཚུལ་འབྱོར་གསལ། ཚེས་15ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། རང་སྐྱོང་ལྗོངས་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའི་གཞུང་དོན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ལིའུ་ཅང་གིས་རང་སྐྱོང་ལྗོངས་ཡོམ་འགོག་གེགས་སེལ་གཞུང་དོན་ཁང་གི་བརྙན་ལམ་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་སྟེ། ཉེ་དུས་ཀྱི་ལས་དོན་སྤེལ་ཚུལ་གྱི་སྙན་སེང་གསན་པ། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་རེད།

རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་རེན་ཝེ་དང་ཀྲང་ཧུང་པོ་ཚོགས་འདུར་ཞུགས་པ་རེད།

ཚོགས་འདུའི་ཐོག་ཉེ་དུས་ཀྱི་ཡོམ་འགོག་གེགས་སེལ་ལས་དོན་སྤེལ་ཚུལ་གསན་པ་མ་ཟད། དིང་རི་རྫོང་གྲམ་མཚོ་ཤང་དགུ་རུམ་གྲོང་ཚོ་དང་ཟིང་དཀར་གྲོང་ཚོ་དང་བརྙན་ལམ་འབྲེལ་མཐུད་བྱས་ནས་མང་ཚོགས་བཀོད་སྒྲིག་དང་། དངོས་ཟོག་འགན་ལེན། བདེ་འཇགས་བརྟན་ལྷིང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ལིའུ་ཅང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་སྤྱི་འདོམས་བཀོད་འདོམས་འོག ཀུན་སེམས་གཅིག་སྒྲིལ་དང་དུས་ངལ་མཉམ་སེལ་བྱས་ཏེ། ས་མཐོའི་འཕྲལ་སྡོམ་རོགས་སྐྱོབ་ལས་དོན་གྱི་དཔེ་མཚོན་བཏོད་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ངང་ཐོབ་ཡོད་ཅེས་གསུངས་པ་རེད།

ལིའུ་ཅང་གིས་ནན་བཤད་གནང་དོན། མིག་སྔའི་ཡོམ་འགོག་གེགས་སེལ་གྱི་ལས་དོན་དེ་མང་ཚོགས་བཀོད་སྒྲིག་བྱེད་པའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས། འཚོ་བ་འགན་ལེན་དང་དངོས་ཟོག་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) རྒྱུན་གཏན་གྱི་བཟའ་བཏུང་འགན་ལེན་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ། སྣ་མང་ཅན་གྱི་བཟའ་བཏུང་ཞབས་ཞུ་མཁོ་འདོན་བྱེད་པ། བཟའ་བཅའི་བདེ་འཇགས་ཀྱི་ཚད་གཞི་ནན་དུ་གཏོང་བ། གནོད་འཚེ་ཕོག་པའི་མང་ཚོགས་ལྟོས་གྲོད་པ་རྒྱགས་པ་དང་། ལྟོ་ཡག་པོ་བཟའ་རྒྱུ་ཡོད་པ། འཚོ་བཅུད་ཡོད་པ་བཅས་འགན་ལེན་བྱེད་པ། མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་དངོས་ཟོག་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་པ། གྲང་འགོག་དངོས་ཟོག་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་མང་ཚོགས་ཚོར་བདེ་འཇགས་དང་། སྐྱིད་སྣང་དོད་པ། སྟབས་བདེ་བ་བཅས་ཀྱི་འཚོ་བའི་ཁོར་ཡུག་ཧུར་ཐག་སྐྲུན་དགོས། སྟབས་བདེའི་ཁང་པ་བསྐྲུན་མགྱོགས་སུ་དང་དྲོ་སྲུང་འགན་ལེན་བྱེད་དགོས། སྟབས་བདེའི་ཁང་པ་དབོར་སྐྱེལ་དང་བསྐྲུན་ཤུགས་ཆེ་རུ་བཏང་ནས་གནོད་འཚེ་ཕོག་པའི་མང་ཚོགས་བདེ་འཇགས་དང་དྲོ་སོབ་སོབ་ངང་སྟབས་བདེའི་ཁང་པའི་ནང་གང་མགྱོགས་སྤོ་ཐུབ་པ་བཅས་བྱེད་དགོས། བདེ་ཐང་སྲུང་སྐྱོང་བྱེད་དགོས། འཕྲོད་བསྟེན་རིམས་འགོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྨན་བཅོས་ཞབས་ཞུར་ཤུགས་སྣོན་རྒྱག་པ། ཁོར་ཡུག་གི་དུག་སེལ་བྱེད་ཤུགས་ཆེ་རུ་གཏོང་བ། བསམ་བློའི་སློབ་གསོ་གཏོང་བ་བཅས་བྱས་ཏེ་མང་ཚོགས་ཀྱི་ལུས་སེམས་བདེ་ཐང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས། ཡིད་ཆེས་ཁེངས་པར་བྱེད་དགོས། རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་། གྲོང་གསེབ་ཏུ་རིག་རྩལ་འཁྲབ་སྟོན་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། དུས་ཆེན་རིང་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་ཐུབ་པ་བཅས་བྱས་ནས་གེགས་ཁུལ་མང་ཚོགས་ཀྱི་ཉམས་བཟང་ཕྱོགས་ཡོངས་ནས་འཕེལ་བར་བྱེད་དགོས། བདེ་འཇགས་འགན་ལེན་དང་གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། བཀོད་སྒྲིག་བྱ་ཡུལ་དུ་གནས་སྐབས་དྲ་རྒྱ་འཁྲིད་པ། སྤྱི་ཚོགས་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་པ། མེ་ཟོན་བདེ་འཇགས་ལ་ཤུགས་སྣོན་རྒྱག་པ། འགྲིམ་འགྲུལ་བདེ་འཇགས་འགན་ལེན་བཅས་བྱས་ནས་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། འཁོར་སྐྱོད་འགན་ལེན་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་། “བསམ་ཇུས་གཅིག”གི་བསམ་བློ་བརྟན་པོ་འཛུགས་པ། འབྲེལ་གཏུག་མང་ཙམ་དང་། གྲོས་མོལ་མང་ཙམ། གཞོགས་འདེགས་མང་ཙམ་བཅས་བྱས་ཏེ་ལས་དོན་ཁག་ལ་སྐུལ་འདེད་བདེ་བླག་ཐུབ་རྒྱུའི་འགན་ལེན་བྱེད་དགོས།

(བདེ་སྐྱིད་དང་པ་སངས་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)