འདི་ག་ཚགས་པར་ཁང་དུ་ཁུན་མིང་ནས་ཟླ་1ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རང་ལྗོངས་ཀྱིས་གཙོ་གཉེར་བྱས་པའི“ནས་ཀྱི་ཐོན་ལས་འཕེལ་རྒྱས་བཏང་ནས་མཚོ་བོད་ས་མཐོའི་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ནས་ཀྱི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོ་གླེང་ཚོགས་འདུ་ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་དུ་འཚོགས་ཤིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་ཞིང་ལས་དང་གྲོང་གསེབ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཆེ་དགྲ་ལྷ་ཚོགས་འདུར་ཞུགས་ནས་གཙོ་དོན་གཏམ་བཤད་གནང་བ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཀྲུང་གོ་ཞིང་ལས་ཚན་རིག་ཁང་གི་ཏང་ཙུའི་དེ་སྔའི་ཧྲུའུ་ཅི་ཀྲང་ཧོ་ཁྲེང་དང་། ཡུན་ནན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཧྲུའུ་ཧྥེན། ཡུན་ནན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལི་ཞུའེ་ལིན་བཅས་ཚོགས་འདུར་ཞུགས་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་པད་མ་དབང་འདུས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། “ཞིང་གསུམ”ལས་དོན་དང་ཚན་རྩལ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ནས་ཀྱི་ཐོན་ལས་ལ་འཕྲད་པའི་གནད་དོན་དང་དཀའ་གནད་རིག་པ་དྭངས་གསལ་གྱིས་ངོས་འཛིན་ཐུབ་པར་བྱེད་པ་དང་། མཁོ་སྤྲོད་འགན་ལེན་དང་། མཉམ་འདྲེས་གཏིང་ཟབ། སྦྲེལ་མཐུད་ལ་སྐུལ་འདེད། སྤུས་ཚད་མཐོར་གཏོང་སོགས་ཕྱོགས་མང་པོར་དམིགས་པ།
(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) ཡུལ་བབ་དང་བསྟུན་པ་དང་། བབ་བསྟུན་སྣེ་ཁྲིད། གནད་སྨིན་ཇུས་བསྟར་བྱེད་པ། ནས་ཀྱི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ཡག་པོ་གཏོང་བ་བཅས་བྱས་ཏེ། ནས་ཀྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་འཕེལ་རྒྱས་དང་རིན་ཐང་འཁོར་འབྲེལ་ཧྲིལ་པོ་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། ནས་ཀྱི་ཐོན་ལས་ལག་རྩལ་གྱི་དགོས་མཁོར་དམིགས་ནས་ཚན་རྩལ་གསར་གཏོད་འཐབ་ཇུས་ཀྱི་བཀོད་པ་ལེགས་སུ་གཏོང་བ་དང་། ནས་ཀྱི་སོན་ཁུངས་གསར་གཏོད་དང་། ཐོན་འབབ་མང་བའི་སོན་བཟང་འདེབས་པ། ཐོན་རྫས་ལས་སྣོན་ཞིབ་ཚགས། གྲགས་ཅན་སྤུས་ལེགས་ཀྱི་སྤུས་རྟགས་སྐྱེད་སྲིང་དང་ཁྲོམ་ར་རྒྱ་སྐྱེད། ནས་ཀྱི་རིག་གནས་ཀྱི་འབྱུང་ཁུངས་འཚོལ་ཞིབ་དང་རྒྱུན་འཛིན་སོགས་ལྷུ་ཚིགས་ལ་དམིགས་པ། སློབ་གྲྭ་དང་ཁེ་ལས་དང་། ཚན་རྩལ་དང་ཁེ་ལས། ས་གནས་སྲིད་གཞུང་བཅས་དབར་གྱི་མཉམ་འབྲེལ་རོགས་ལས་ལ་ཤུགས་སྣོན་རྒྱག་པ། སྲིད་གཞུང་དང་། ཚན་རྩལ། ཁེ་ལས། རིག་གནས། མང་ཚོགས་བཅས་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། ནས་ཀྱི་ཐོན་ལས་ཀྱི་འཕེལ་རྒྱས་མནའ་འབྲེལ་མགྱོགས་མྱུར་འཛུགས་པ། སྟོབས་ཤུགས་གཅིག་སྡུད་ཀྱིས་ནས་ཀྱི་ཐོན་ལས་སྐྱེད་སྲིང་དང་། བློ་གྲོས་གཅིག་སྡུད་ཀྱིས་ནས་ཀྱི་ཐོན་ལས་རིམ་སྤོར། ནུས་ཤུགས་གཅིག་སྡུད་ཀྱིས་ནས་ཀྱི་འཛད་སྤྱོད་ལ་ཁྲིད་སྟོན་བཅས་བྱས་ཏེ། ནས་ཀྱི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་ཧུར་ཐག་བྱེད་དགོས།