《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年01月15日

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་མཐའ་མཚམས་ས་ཁུལ་གཅིག་ཀྱང་མ་ལུས་པར་བྱེད་དགོས།

2023ལོའི་ཟླ་6པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་ཏུ་རྟོག་ཞིབ་གནང་སྐབས། “རྒྱལ་ཡོངས་ནས་བལྟས་ན། མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏོང་བའི་ལས་འགན་དཀའ་ཚེགས་ཆེ་ཤོས་དེ་མཐའ་མཚམས་མི་རིགས་ས་ཁུལ་ཁག་གཅིག་ཏུ་ཡོད་པས། མཐའ་མཚམས་མི་རིགས་ས་ཁུལ་དག་ཐུན་མོང་འབྱོར་ཕྱུག་ཡོང་བའི་འགྲོ་ལམ་ཐོག་མ་ལུས་པར་བྱེད་དགོས”ཞེས་ནན་བཤད་ཟབ་མོ་གནང་བ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅོ་བརྒྱད་པའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་མཐའ་མཚམས་ས་ཁུལ་གཅིག་ཀྱང་མ་ལུས་པར་བྱེད་དགོས་ཞེས་སླར་ཡང་ནན་བཤད་གནང་ཡོད། རྣམ་བཤད་གལ་ཆེན་དག་གིས་མཐའ་མཚམས་ས་ཁུལ་དང་མེས་རྒྱལ་ནང་ས་དུས་མཉམ་དུ་དེང་རབས་ཅན་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་གཟི་བརྗིད་མཉམ་སྤྱོད་བྱེད་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མཐའ་མཚམས་མི་དམངས་ཚུད་པའི་མི་དམངས་ཡོངས་ཀྱི་དེང་རབས་ཅན་ཞིག་རེད། མཐའ་མཚམས་ཀྱི་མི་རིགས་ཁག་གི་མི་དམངས་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཁོངས་མི་གལ་ཆེན་ཞིག་ཡིན་ཞིང་། མཐའ་མཚམས་མི་དམངས་ཀྱིས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་རྒྱལ་ཁབ་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད་པས། སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་དང་ཐུན་མོང་ཐོག་དེང་རབས་ཅན་དུ་བསྐྱོད་ཐུབ་པ་བྱེད་དགོས་ངེས་ཡིན། གཞན་ཡང་། མཐའ་མཚམས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་དེ་ངེས་པར་དུ་མཐའ་མཚམས་དེང་རབས་ཅན་ལ་སྐུལ་འདེད་མྱུར་པོ་གཏོང་བར་བརྟེན་ནས་མཐར་ཕྱིན་པ་སྒྲུབ་དགོས།

གལ་ཏེ་མཐའ་མཚམས་ས་ཁུལ་གྱི་དེང་རབས་ཅན་མེད་ན། རྒྱལ་ཡོངས་ཀྱི་དེང་རབས་ཅན་ཡོང་མི་སྲིད། མཐའ་མཚམས་ས་ཁུལ་འཕེལ་རྒྱས་གཏོང་རྒྱུ་ནི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བའི་དགོས་ངེས་ཀྱི་ཆ་རྐྱེན་ཞིག་དང་། མཐའ་མཚམས་ས་ཁུལ་གྱི་དེང་རབས་ཅན་ནི་རྒྱལ་ཁབ་སྤྱི་ཡོངས་དེང་རབས་ཅན་གྱི་མཚོན་ཚུལ་གལ་ཆེན་ཞིག་རེད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་བསྐྲུན་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱེད་པར། ངེས་པར་དུ་མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཐབ་ཇུས་ཀྱི་སྤྱི་ཡོངས་ཁྲོད་བཞག་ནས། མཐའ་མཚམས་ས་ཁུལ་གྱིས་རང་རང་གི་ཆ་རྐྱེན་དང་དམིགས་བསལ་ལེགས་ཆར་བརྟེན་ནས། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་དང་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོའི་ནང་མཉམ་འདྲེས་བྱེད་རིང་རང་ངོས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ལ་རྒྱབ་སྐྱོར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྒྱང་ལམ་གསར་པར་ས་ཁུལ་གཅིག་ཀྱང་མ་ལུས་པའི་འགན་ལེན་བྱེད་དགོས།

མཐའ་མཚམས་བརྟན་ལྷིང་བྱུང་ན་རྒྱལ་ཁབ་གཞི་ནས་བརྟན་ལྷིང་ཡོང་ཐུབ་པ་དང་། མཐའ་མཚམས་སྟོབས་འབྱོར་ལྡན་ཚེ་རྒྱལ་ཁབ་གཞི་ནས་སྟོབས་ལྡན་དུ་འགྱུར་ཐུབ། རང་རྒྱལ་གྱི་མངའ་ཁོངས་རྒྱ་ཆེ་བ་དང་སྐམ་སའི་མཐའ་མཚམས་ཀྱི་རིང་ཚད་ལ་སྤྱི་ལེ་ཁྲི་2.2ལྷག་ཙམ་ཟིན་གྱི་ཡོད། མཐའ་མཚམས་ས་ཁུལ་ནི་རང་རྒྱལ་གྱིས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་མདུན་གྲལ་དང་། རྒྱལ་ཁབ་ཀྱི་སྟོབས་ཤུགས་དང་གཟུགས་བརྙན་མངོན་པའི་སྐར་ཁུང་། རྒྱལ་ཁབ་ས་ཆའི་བདེ་འཇགས་དང་སྐྱེ་ཁམས་བདེ་འཇགས་ལ་འགན་ལེན་བྱེད་པའི་སྲུང་བཅད་གལ་ཆེན་བཅས་རེད། བདེ་འཇགས་ནི་འཕེལ་རྒྱས་ཀྱི་སྔོན་འགྲོའི་ཆ་རྐྱེན་དང་འཕེལ་རྒྱས་ནི་བདེ་འཇགས་ཀྱི་འགན་སྲུང་རེད། མཐའ་མཚམས་ས་ཁུལ་གྱི་དེང་རབས་ཅན་མངོན་འགྱུར་ཡོང་བར་ངེས་པར་དུ་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་ཡག་པོ་བྱས་ནས། གཞི་རིམ་གྱི་རྨང་གཞི་བརྟན་དུ་རྒྱུན་ཆད་མེད་པར་གཏོང་བ་དང་། མཐའ་མཚམས་ས་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་ནུས་ཕྱོད་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་མཐའ་མཚམས་བཅོས་སྐྱོང་གི་མཐའ་ཚད་མཐའ་གཅིག་ཏུ་བརྟན་པོར་སྲུང་དགོས།

མི་རིགས་56གི་རྒྱལ་ཁབ་ཅིག་ཡིན་པའི་ངོས་ནས་མི་རིགས་ཁག་གི་མཐུན་སྒྲིལ་ཆེན་པོར་སྐུལ་འདེད་བཏང་སྟེ། ནམ་ཡང་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་རྒྱུ་ནི་རྒྱལ་སྐྱོང་སྲིད་འཛིན་གྱི་གལ་ཆེའི་ནང་གི་འགངས་ཆེན་རེད་ལ། མི་དམངས་མང་ཚོགས་ཀྱི་ཐུན་མོང་གི་རེ་སྒུག་ཀྱང་རེད། རྒྱང་ལམ་གསར་པར་ང་ཚོས་ཀུན་སེམས་གཅིག་སྒྲིལ་གྱིས་ཏང་གི་རྗེས་སུ་འབྲང་བ་དང་། ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམ་སྟེ། མཐའ་མཚམས་ས་ཁུལ་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། (བསྟན་འཛིན་བློ་གྲོས་དང་དངོས་སྦྱོང་སློབ་མ་བསྟན་འཛིན་དོན་གྲུབ་ཀྱིས་སྒྱུར་ཞུས་བྱས)