འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་13ཉིན་གནས་ཚུལ་འབྱོར་གསལ། ཚེས་13ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་གནང་བ་མ་ཟད། རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་དང་། 2024ལོར་རང་ལྗོངས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་རང་སྐྱོང་ལྗོངས་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་གྱི་ལས་དོན་སྤེལ་ཚུལ་གྱི་སྙན་སེང་གསན་པ་རེད། ཝང་ཅུན་ཀྲེང་གིས་2024ལོར་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་ནན་ཏན་བྱེད་པ་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། རེས་སྐོར་གཉིས་པའི་སྐོར་ཞིབ་ཏན་ཏིག་བྱེད་པ། “རྣམ་པ་བཞི”གནད་སྨིན་ངང་སྤྱོད་པ།“འགོ་གཙོ་དང་པོ”དང་འགོ་ཁྲིད་ཚན་ཁག་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། “རུལ་སུངས་མི་བྱེད་པ་གསུམ”ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ། ཐར་པར་གཏན་ནས་མི་གཏོང་བའི་རྣམ་འགྱུར་ཐོག་ནས་རུལ་སུངས་ལ་ཆད་པ་གཅོད་པ་བཅས་བྱས་པས་ཆབ་སྲིད་ཁོར་ཡུག་ལ་རྣམ་པ་གསར་པ་མངོན་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཐོག་མཐའ་བར་གསུམ་དུ་རྩ་བའི་དགོངས་གཞི་ནན་པོ་དང་། བྱེད་ཐབས་ནན་པོ།
(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) དམ་ནན་གྱི་རྣམ་པར་བརྟེན་ནས་ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་དང་སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་རྒྱུན་མཐུད་བྱས་ཏེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱས་ཏེ། ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་རང་རྟོགས་རང་བཞིན་དང་འགྱུར་མེད་རང་བཞིན་ཆེ་རུ་ཏན་ཏིག་གཏོང་བ། མཚམས་མེད་རྒྱུན་སྒྲུབ་ཀྱི་སྙིང་རུས་བརྟན་པོར་བརྟེན་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་བཏང་ནས། རྒྱང་ལམ་གསར་པར་རང་ངོས་གསར་བརྗེའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་མངོན་པར་བྱེད་དགོས། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་དུ་འབྲེལ་རྒྱུ་མཐའ་འཁྱོངས་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་ཀྱི་བྱེད་ཕྱོགས་མཐའ་གཅིག་ཏུ་དོན་འཁྱོལ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་པར་རྒྱུན་སྲིང་ལྷོད་མེད་ངང་ཤུགས་སྣོན། ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་སྲོལ་ནན་དུ་གཏོང་བ། ཆབ་སྲིད་ལྟ་སྐུལ་བྱེ་བྲག་ཅན་དང་། གནད་འཁེལ་ཅན། རྒྱུན་རྣམ་ཅན་གསུམ་ལ་སྐུལ་འདེད་རྒྱུན་ཆད་མེད་པར་གཏོང་བ་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཐད་ཀྱི་གོ་ཤེས་ཅན་དང་གཞུང་དྲང་ཅན་ཞིག་བྱེད་དགོས། སྤྱོད་ངན་དང་རུལ་སུངས་ཀྱི་མཉམ་བཤེར་མཉམ་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། རུལ་སུངས་ཡོད་ན་ངེས་པར་དུ་ངོ་རྒོལ་དང་ལྐོག་ཟ་ཡོད་ན་ངེས་པར་དུ་གཙང་སེལ་མཐའ་འཁྱོངས་བྱེད་པ། གཅིག་ཤེས་ཀུན་གྲོལ་དང་དཔེ་མཚོན་གྱིས་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས། གཙོ་གནད་ཁྱབ་ཁོངས་ཀྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། རུལ་སུངས་ཐོན་སླ་བའི་ས་རྒྱུ་དང་ཆ་རྐྱེན་མཐའ་གཅིག་ཏུ་མེད་པར་བཟོ་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཞི་རིམ་དུ་སྣུར་སྲིང་བྱེད་པར་སྐུལ་འདེད་རྒྱུན་ཆད་མེད་པར་གཏོང་བ་དང་། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་རྒྱུན་མཐུད་བྱས་ནས། གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་སྟེ། གཞི་རིམ་ལས་བྱེད་པར་དུས་ཚོད་འདང་ངེས་དང་སེམས་ནུས་སྔར་བས་ཆེན་པོས་བྱ་བ་དངོས་སྒྲུབ་པ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྒྲིག་བཤེར་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་དང་། སྒྲིག་སྲོལ་སྒྲིག་ཁྲིམས་དང་ཁྲིམས་ལྟར་འགན་འཁྲི་སྒྲུབ་རྒྱུ་མཐའ་འཁྱོངས། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་ཁུར་ཕོད་པ་བཅས་དང་། འཐབ་རྩོད་བྱེད་མཁས་པོ་དང་བྱེད་ཕོད་པའི་སྒྲིག་བཤེར་ལྟ་ཞིབ་ཀྱི་དཔུང་ཁག་ཧྲག་པོ་ཅིག་བཏོད་དེ། དུས་རབས་གསར་པའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་གྱི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས།
ཝང་ཅུན་ཀྲེང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་དང་། ཏང་གི་སྒྲིག་ཁྲིམས་སློབ་གསོའི་གཅུན་སྡོམ་དང་འགན་སྲུང་ལྕག་སྐུལ་ནུས་པ་ཕྱོགས་བསྡུས་འདོན་སྤེལ་བྱེད་པའི་བརྗོད་གཞི་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་ཡོད། དེར་ཆབ་སྲིད་ཀྱི་བློ་སེམས་འགུག་ཤུགས་དང་། བསམ་བློའི་སྣེ་ཁྲིད་ནུས་པ། ལག་ལེན་གྱི་རྟོལ་ཤུགས་བཅས་ཧ་ཅང་ཆེན་པོ་ལྡན་པས། ང་ཚོའི་བསམ་བློར་གཡོ་འགུལ་ཐེབས་པའི་ཏང་གི་སློབ་ཚན་གསོན་ཉམས་དོད་པོ་ཞིག་ཁྲིད་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། ཀྲུང་དབྱང་གི་བརྡ་ཁྱབ་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། “གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ལ་བརྟེན་ནས་རང་ངོས་ཀྱི་བསམ་བློ་དང་བྱ་སྤྱོད་ཡོ་བསྲང་བྱས་ཏེ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་ཏན་ཏིག་ཁུར་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་ཚད་གཞིར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ལྷན་ཚན་ཁག་གི་2024ལོའི་དམངས་གཙོའི་འཚོ་བའི་ཚོགས་འདུ་གྲ་སྒྲིག་ཡག་པོ་བྱས་ནས། ལས་ཀའི་དོན་དངོས་དང་ཟུང་འབྲེལ་དང་། “ནང་འཇོག་གསུམ”མཐའ་འཁྱོངས། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཡག་པོ། དཔེ་མཚོན་གྱོད་དཔེར་དབྱེ་ཞིབ་གཏིང་ཟབ། དག་ཐེར་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བཅས་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཚན་ཁག་དེ་ཉིད་སྔར་བས་སྲ་བརྟན་སྟོབས་ཆེར་གཏོང་དགོས།
ཝང་ཅུན་ཀྲེང་གིས། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་གནང་བའི་འཕྲིན་ལན་གྱི་དགོངས་དོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་དོན་འཁྱོལ་བྱས་ནས། ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་ཁྲིད་སྟོན་མཐའ་འཁྱོངས་བྱས་ཏེ། རིག་རྩལ་བྱ་གཞག་གི་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་སྤྱི་ཁྱབ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་2025ལོའི་དཔྱིད་གསར་མཚན་ཚོགས་ཀྱི་ལྷ་ས་ཡན་ལག་ཚོགས་རའི་བྱེད་སྒོ་ཡག་པོ་གཉེར་ཏེ། ཆུ་ཚད་དང་ཁྱད་ཆོས་ལྡན་པ་གཉེར་རྒྱུ་མཐའ་འཁྱོངས་དང་། བདེ་འཇགས་དང་ཞི་མཐུན་ལ་འགན་ལེན་བྱས་ནས། བོད་ལྗོངས་དྲིལ་བསྒྲགས་དང་ངོམ་སྟོན་དེ་བས་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་ཡོད།