འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་12ཉིན་གནས་ཚུལ་འབྱོར་གསལ། ཚེས་11ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའི་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་རེན་ཝེ་ཡིས་རང་སྐྱོང་ལྗོངས་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའི་གཞུང་ལས་ཁང་གི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་ནས། གཞིས་རྩེའི་ས་ཡོམ་་རིམ་པ་6.8བརྒྱབ་ཁུལ་དུ་འཕྲལ་མར་ཐག་གཅོད་བྱེད་དགོས་པའི་དོན་གནད་ལ་ཞིབ་འཇུག་དང་ཐག་གཅོད་གནང་བ་དང་། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་རང་སྐྱོང་ལྗོངས་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའི་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཧུང་པོ་ཚོགས་འདུར་ཞུགས་པ་རེད།
རེན་ཝེ་ཡིས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ལྗོངས་ཡོངས་ཀྱི་གོང་འོག་ཚང་མ་དང་ཕྱོགས་ཁག་གི་སྟོབས་ཤུགས་ཀྱིས་ནུས་ཤུགས་ཡོད་རྒུས་ཉེན་སེལ་གུད་སྐྱོབ་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་གང་ལེགས་བྱས་ཡོད། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། མིག་སྔའི་ཡོམ་འགོག་གེགས་སེལ་ལས་དོན་དེ་མང་ཚོགས་བཀོད་སྒྲིག་དང་གེགས་རྗེས་བསྐྱར་སྐྲུན་གྱི་དུས་མཚམས་སུ་སླེབས་ཡོད་ཅེས་གསུངས་པ་རེད།
རེན་ཝེ་ཡིས། རང་སྐྱོང་ལྗོངས་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའི་གཞུང་ལས་ཁང་གི་འཁོར་རྒྱུག་ལམ་སྲོལ་འཐུས་སྒོ་ཚང་དུ་གང་མགྱོགས་གཏོང་དགོས། མིག་སྔའི་ཡོམ་འགོག་གེགས་སེལ་ལས་དོན་གྱི་དོན་དངོས་དང་དགོས་མཁོར་གཞིགས་ནས་གཞིས་རྩེ་གྲོང་ཁྱེར་གྱིས་བཏོན་པའི་གཏོར་སྐྱོན་ཕོག་པའི་ཁང་པའི་བདེ་འཇགས་ཚོད་སྐོར་དང་། གཏོར་སྐྱོན་ཕོག་ཁུལ་གྱི་ཞིབ་དཔྱད་ཚོད་སྐོར། འཕྲལ་སྡོམ་དངོས་ཟོག་འགན་ལེན་སོགས་རང་སྐྱོང་ལྗོངས་རིམ་པས་མཐུན་སྦྱོར་ཐག་གཅོད་བྱེད་དགོས་པའི་འབྲེལ་ཡོད་གནད་དོན་ཁག་ལ་ཞིབ་འཇུག་ནན་ཏན་དང་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས། བཀོད་སྒྲིག་བྱ་ཡུལ་གྱི་བདེ་འཇགས་འགན་ལེན་ལས་དོན་ཁག་ཏན་ཏིག་སྒྲུབ་པ་དང་། མེ་དང་། གློག སོལ་རླངས་བཅས་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གཙོ་གནད་དུ་གྲལ་བཤེར་བྱེད་པ། ཡོམ་ཁུལ་གྱི་ཁོར་ཡུག་ལ་དུག་སེལ་བྱེད་པའི་ལས་དོན་ནན་ཏན་སྒྲུབ་པ། ས་ཡུལ་དངོས་ཀྱི་སྒྲིག་ལམ་ལ་དོ་དམ་ཚོད་འཛིན་དང་བདེ་འཇགས་སྐོར་གཡེང་སོགས་ཀྱི་ལས་དོན་མུ་མཐུད་་སྒྲུབ་པ། བཀོད་སྒྲིག་བྱ་ཡུལ་འཆམ་མཐུན་བརྟན་ལྷིང་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་པ་བཅས་བྱས་ཏེ། གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་ཚོས་སྤྱི་ཚོགས་རིང་ལུགས་ཁྱིམ་ཚང་ཆེན་མོའི་དྲོ་སྐྱིད་དང་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་གཟིགས་སྐྱོང་དངོས་སུ་ཚོར་ཐུབ་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད། (བདེ་སྐྱིད་དང་པ་སངས་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)