ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཐོག་ཀྲུང་གོའི་འཐུས་མི་ཚོགས་པར་ཕྱི་རྒྱལ་དུ་འགྲན་བསྡུར་བྱེད་པའི་ལོ་རྒྱུས་ཀྱི་གྲུབ་འབྲས་ཡག་ཤོས་ཐོབ་པ། 2024ལོའི་ཟླ་7ཚེས་26ཉིན་ནས་ཟླ་8ཚེས་11ཉིན་བར། “ཨོ་རྩལ་དེ་བས་སྒོ་དབྱེ”ཞེས་པ་འབོད་ཚིག་ཏུ་བྱས་པའི་དབྱར་དུས་ཀྱི་ཨོ་རྩལ་འགྲན་ཚོགས་སྐབས་33པ་ཕ་རི་སིར་གཉེར་ཞིང་། འཐུས་མི་རུ་ཁག་91གི་བདམས་ཐོན་པར་བྱ་དགའི་རྟགས་མ་རག་ཡོད། ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པས་དཔའ་ངར་ཆེན་པོས་གསེར་གྱི་རྟགས་མ་40དང་། དངུལ་གྱི་རྟགས་མ་27 ཟངས་ཀྱི་རྟགས་མ་24བཅས་བསྡོམས་རྟགས་མ་91བླངས་ཏེ། རང་རྒྱལ་ལ་དབྱར་དུས་ཀྱི་ཨོ་རྩལ་འགྲན་ཚོགས་ཀྱི་ཕྱི་རྒྱལ་འགྲན་བསྡུར་ནས་ལོ་རྒྱུས་ཀྱི་གྲུབ་འབྲས་ཡག་ཤོས་ཐོབ་པ་རེད། ཕ་རི་སིའི་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་2024ལོའི་ཟླ་8ཚེས་28ཉིན་ནས་ཟླ་9ཚེས་8ཉིན་བར་གཉེར་ཞིང་། ཀྲུང་གོའི་འཐུས་མི་ཚོགས་པས་གསེར་གྱི་རྟགས་མ་94དང་། དངུལ་གྱི་རྟགས་མ་76 ཟངས་ཀྱི་རྟགས་མ་50བཅས་བསྡོམས་རྟགས་མ་220བླངས་ཤིང་། དབྱར་དུས་ཀྱི་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཐོག་གསེར་གྱི་རྟགས་མའི་བང་རིམ་དང་བྱ་དགའི་རྟགས་མའི་བང་རིམ་གྱི་ཨང་དང་པོ་བསྟུད་མར་ཐེངས་དྲུག་བླངས་པ་རེད། འདི་ནི་2024ལོའི་ཟླ་7ཚེས་26ཉིན། ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་དར་ཆ་འཁྱེར་མཁན་དང་ཕིང་ཕང་སྤོ་ལོའི་བདམས་ཐོན་པ་མཱ་ལུང་གིས་འགོ་ཚུགས་མཛད་སྒོར་རྒྱལ་དར་གཡུག་གཡུག་བྱེད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཚའོ་ཚན་གྱིས་པར་བརྒྱབ།
ཀྲེན་ཆིན་ཝུན་ཨོ་རྩལ་འགྲན་ཚོགས་ཀྱི་དྲ་བའི་སྤོ་ལོའི་བུད་མེད་རྐྱང་རྒྱག་གི་ཨང་དང་པོ་ཐོབ་པའི་ ཨེ་ཤེ་ཡའི་བདམས་ཐོན་པ་དང་པོར་གྱུར་པ། 2024ལོའི་ཟླ་8ཚེས་3ཉིན། ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་དྲ་བའི་སྤོ་ལོའི་རྣམ་གྲངས་ཀྱི་བུད་མེད་རྐྱང་རྒྱག་གི་མཐའ་བསྡུར་ནང་། ཀྲུང་གོའི་བདམས་ཐོན་པ་ཀྲེན་ཆིན་ཝུན་གྱིས་6:2དང་6:3གྱི་བསྡུར་གྲངས་ཐོག་ནས་ཁ་རེ་ཤེ་ཡའི་བདམས་ཐོན་པ་ཝེ་ཅི་ཆི་ལས་རྣམ་པར་རྒྱལ་ཏེ། ཨོ་རྩལ་འགྲན་ཚོགས་ཀྱི་དྲ་བའི་སྤོ་ལོ་རྐྱང་རྒྱག་གི་གསེར་གྱི་རྟགས་མ་ཐོབ་པའི་ཨེ་ཤེ་ཡའི་བདམས་ཐོན་པ་དང་པོར་གྱུར་པ་རེད། འདི་ནི་2024ལོའི་ཟླ་8ཚེས་3ཉིན། ཀྲེན་ཆིན་ཝུན་གྱིས་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་དྲ་བའི་སྤོ་ལོའི་བུད་མེད་རྐྱང་རྒྱག་གི་བྱ་དགའ་སྤྲོད་པའི་མཛད་སྒོར་གསེར་གྱི་རྟགས་མ་སྟོན་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་དབན་ཤང་གིས་པར་བརྒྱབ།
《ལུས་རྩལ་རྒྱལ་ཁབ་སྟོབས་ཆེན་གྱི་ལམ་བུར་སྐྱོད། ལུས་རྩལ་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་ གལ་ཆེན་གྱི་དུས་རབས་ཀྱི་རིན་ཐང་དང་ འཛམ་གླིང་གི་བློ་འབྱེད》ཅེས་པའི་རིག་ མཛོད་སྙན་ཞུ་ཡོངས་བསྒྲགས་བྱས་པ། 2024ལོའི་ཟླ་8ཚེས་27ཉིན། ཤིན་ཧྭ་གསར་འགྱུར་ཁང་རྒྱལ་ཁབ་རྩེར་སོན་རིག་མཛོད་ཀྱིས་པེ་ཅིང་དུ《ལུས་རྩལ་རྒྱལ་ཁབ་སྟོབས་ཆེན་གྱི་ལམ་བུར་སྐྱོད། ལུས་རྩལ་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དུས་རབས་ཀྱི་རིན་ཐང་དང་འཛམ་གླིང་གི་བློ་འབྱེད》རིག་མཛོད་སྙན་ཞུ་ཡོངས་བསྒྲགས་བྱས་ཤིང་། འདི་ནི་རིག་མཛོད་སྙན་ཞུ་ཡོངས་བསྒྲགས་ཀྱི་བགྲོ་གླེང་བྱ་ཡུལ་ཡིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཅིན་ལེང་ཁོའེ་ཡིས་པར་བརྒྱབ།
“ས་དམར་རྒྱལ་པོ”ནཱ་ཏར་སོགས་ལུས་རྩལ་པ་གྲགས་ཅན་དྲ་བའི་སྤོ་ལོའི་ཁྱབ་ཁོངས་ནས་དོན་པ། 2024ལོའི་ཟླ་11ཚེས་19ཉིན། སི་ཕེན་གྱི་ནཱ་ཏར་གྱིས་ཏའེ་ཝེ་སིའི་བུམ་པའི་དྲ་བའི་སྤོ་ལོའི་མཐའ་བསྡུར་གྱི་བཞི་ཆ་གཅིག་གི་མཐའ་བསྡུར་ཚར་རྗེས། དངོས་སུ་དྲ་བའི་སྤོ་ལོའི་ཁྱབ་ཁོངས་ནས་དོན་པ་རེད། ལོ་38ལ་སླེབས་པའི་ནཱ་ཏར་ལ་བསྡོམས་བྱ་དགའ་ཀུན་ཐོབ་ཀྱི་རྐྱང་རྒྱག་གི་ཨང་དང་པོ་22ཐོབ་ནས། སྐྱེས་པའི་བདམས་ཐོན་པའི་ཁྲོད་ནས་ཨང་དང་པོ་24ལེན་མཁན་གྱི་ཅའོ་ཁོའོ་ཝེ་ཆི་ཕུད་ཁོང་རྩེ་གྲར་སླེབས་ཀྱི་ཡོད། ཁོང་གིས་ཧྥ་རན་སེའི་དྲ་བའི་སྤོ་ལོའི་ཡོངས་བསྒྲགས་འགྲན་བསྡུར་ནང་ཨང་དང་པོ་14བླངས་པས་མིང་དོན་མཚུངས་པའི“ས་དམར་རྒྱལ་པོ”རེད། དེ་སྔ་དྲ་བའི་སྤོ་ལོའི་བྱ་དགའ་ཀུན་ཐོབ་འགྲན་བསྡུར་གྱི་ཨང་དང་པོ་གསུམ་དང་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་གཉིས་བླངས་པའི་དབྱིན་ཇིའི་དྲ་བའི་སྤོ་ལོ་རྒྱག་མཁན་གྲགས་ཅན་མུའུ་ལེ་དང་། ཨོ་སི་ཁྲུ་རི་ཡའི་དྲ་བའི་སྤོ་ལོ་རྒྱག་མཁན་གྲགས་ཅན་དང་། ཨ་རིའི་དྲ་བའི་སྤོ་ལོའི་ཡོངས་བསྒྲགས་འགྲན་བསྡུར་གྱི་དེ་སྔའི་ཨང་དང་པོ་ཏི་མུའུ། སི་ཕེན་གྱི་རྐང་རྩེད་སྤོ་ལོ་མཁས་པ་མིང་དུ་གྲགས་པ་དབྱི་ཉི་སི་ཐར། ཨོ་སི་ཁྲུ་ལི་ཡའི་ཆུ་རྐྱལ་མཁས་ཅན་མའེ་ཅི་ཝུང་སོགས་ཀྱང་2024ལོར་རང་རང་སོ་སོའི་ཁྱབ་ཁོངས་ནས་དོན་པ་རེད། འདི་ནི་2024ལོའི་ཟླ་11ཚེས་20ཉིན། ནཱ་ཏར་གྱིས་ཏའེ་ཝེ་སིའི་བུམ་པའི་དྲ་བའི་སྤོ་ལོའི་མཐའ་བསྡུར་གྱི་བཞི་ཆ་གཅིག་གི་མཐའ་བསྡུར་ཚར་རྗེས་མཛད་སྒོར་ཞུགས་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མོང་དིང་པོ་ཡིས་པར་བརྒྱབ།
ཝེ་སི་ཐ་ཕན་ལ་F1གི་ལོ་འཁོར་གྱི་ཁ་ལོ་བའི་ཨང་དང་པོ་ཐེངས་བཞི་བསྟུད་མར་ཐོབ་པ། 2024ལོའི་ཟླ་11ཚེས་24ཉིན། 2024ལོའི་འགྲན་དུས་ཀྱི་F1གི་བྱ་དགའ་ཆེན་པོའི་འགྲན་བསྡུར་ལཱ་སི་ཝེ་ཅ་སི་ས་ཚིགས་ཀྱི་འགྲན་བསྡུར་མཇུག་འགྲིལ་ཞིང་། གླང་དམར་རླངས་འཁོར་རུ་ཁག་གི་ཧོ་ལན་གྱི་ཁ་ལོ་བ་ཝུའེ་སི་ཐ་ཕན་ལ་འགྲན་བསྡུར་གྱི་ཨང་ལྔ་པ་ཐོབ་རྗེས། ས་ཚིགས་གཉིས་ཀྱི་འགྲན་བསྡུར་མ་བྱས་གོང་ལ་འགྲན་དུས་འདིའི་ལོ་འཁོར་གྱི་ཁ་ལོ་བའི་ཨང་དང་པོ་རག་པ་དེ་ནི་ཁོང་ལ་ཨང་དང་པོ་ལོ་བཞི་བསྟུད་མར་ཐོབ་པ་ཞིག་རེད། འདི་ནི་2024ལོའི་ཟླ་11ཚེས་24ཉིན། 2024ལོའི་འགྲན་དུས་ཀྱི་F1གི་བྱ་དགའ་ཆེན་པོའི་འགྲན་བསྡུར་ལཱ་སི་ཝེ་ཅ་སི་ས་ཚིགས་ཀྱི་འགྲན་བསྡུར་མཇུག་འགྲིལ་རྗེས། ཝེ་སི་ཐ་ཕན(སྟེང)གྱིས་རང་ཉིད་ལ་F1གི་འཛམ་གླིང་གི་ཨང་དང་པོ་ཐེངས་བཞི་པ་དེ་ཐོབ་པར་རྟེན་འབྲེལ་ཞུ་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་ནས། (སུང་ཧའེ་ཡོན་གྱིས་པར་བརྒྱབ)