ཀྲན་མུའུ་སི་ཨ་རིའི་ལས་རིགས་ལན་ཆིའུ་སྤོ་ལོའི་རིམ་མཚུངས་མཉམ་འགྲན་ གྱི“སྐར་མ་ཁྲི་4ཟིན་པའི་སྐུ་ཞབས”ཐོག་མར་གྱུར་པ། 2024ལོའི་ཟླ་3ཚེས་2ཉིན། ཨ་རིའི་ལས་རིགས་ལན་ཆིའུ་སྤོ་ལོའི་རིམ་མཚུངས་མཉམ་འགྲན(NBA)ལུའོ་ཧྲན་ཅི་ཧུའུ་རེན་རུ་ཁག་གི་སྤོ་ལོ་སྤྱན་སྦིར་ལེ་པུའུ་ལང·ཀྲན་མུའུ་སི་ཡིས་ཏན་ཧྥོ་ཅུའེ་ཅིན་རུ་ཁག་དང་འགྲན་བསྡུར་བྱེད་སྐབས་སྐར་མ་26ཐོབ་པ་དང་། ལས་རིགས་དེའི་རྒྱུན་གཏན་འགྲན་བསྡུར་གྱི་སྤྱིའི་སྐར་གྲངས་40017ཟིན་ནས། NBAལོ་རྒྱུས་ཐོག་སྐར་མ་ཁྲི་4ཡི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་མཁན་སྤོ་ལོ་བར་གྱུར་ཡོད། འདི་ནི་2024ལོའི་ཟླ་3ཚེས་2ཉིན། ཀྲན་མུའུ་སིས་ཏན་ཧྥོ་ཅུའེ་ཅིན་རུ་ཁག་དང་འགྲན་བསྡུར་བྱས་རྗེས་ལྟད་མོ་བར་གུས་འདུད་ཞུ་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གིས་བཀྲམ།
ཨོ་རྩལ་འགྲན་ཚོགས་ཀྱི་མུ་འབྲེལ་འགྲན་བསྡུར་ཧྲང་ཧའེ་དང་ པུའུ་ཏ་ཕེ་སིར་སྔ་རྗེས་སུ་བྱས་པ། 2024ལོའི་ཟླ་5ཚེས་16ནས་19ཉིན་བར་དང་2024ལོའི་ཟླ་6ཚེས་20ནས་23ཉིན་བར། ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཀྱི་ཐོབ་ཐང་མུ་འབྲེལ་འགྲན་བསྡུར་ཧྲང་ཧའེ་དང་པུའུ་ཏ་ཕེ་སིར་སྔ་རྗེས་སུ་བྱས་པ་རེད། དེ་ནི་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱིས་བཟོས་པའི་ལུས་རྩལ་དང་གྲོང་ཁྱེར་རིག་གནས་ཟུང་འབྲེལ་གྱི་དུས་ཆེན་རིགས་ཀྱི་མུ་འབྲེལ་འགྲན་བསྡུར་གསར་རྐྱང་ཞིག་ཡིན་པ་དང་། རང་མོས་རྣམ་པའི་རྐང་འཁོར་ཆུང་ངུ་དང་། ཕི་ལི་ཞབས་བྲོ། ཤུད་པང་། བྲག་འཛེག་བཅས་རྣམ་གྲངས་བཞི་བཙུགས་ཡོད་པ་དང་། ཁྱོན་བསྡོམས་རྒྱལ་ཁབ་དང་ས་ཁུལ་120ལྷག་ཙམ་ནས་ཡོང་བའི་ལུས་རྩལ་པ་464འགྲན་བསྡུར་ནང་ཞུགས་ཡོད། ལུས་རྩལ་པ་158ཀྱིས་འགྲན་བསྡུར་དེ་བརྒྱུད་ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཀྱི་ཐོབ་ཐང་འགྲན་བསྡུར་ནང་ནས་མི་8ལ་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོབ་པ་དང་མི་23ལ་བྱ་དགའ་ཐོབ་པ་རེད། འདི་ནི་2024ལོའི་ཟླ་5ཚེས་18ཉིན། ཀྲུང་གོའི་བདམས་ཐོན་པ་ཏེང་ཡ་ཝུན་གྱིས་ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཀྱི་ཐོབ་ཐང་མུ་འབྲེལ་འགྲན་བསྡུར་གྱི་ཧྲང་ཧའེ་ས་ཚིགས་ཀྱི་རྐང་འཁོར་ཆུང་ངུ་རང་མོས་རྣམ་པའི་བུད་མེད་སྤྱི་གླིང་འགྲན་བསྡུར་གྱི་མཐའ་བསྡུར་ནང་ཞུགས་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཝང་ཁའེ་ཡན་གྱིས་པར་བརྒྱབ།
མཆོང་རྒྱུག་འཕེན་གསུམ་གྱི་འཛམ་གླིང་གི་ཟིན་ཐོ་མང་པོ་བཏོད་པ། 2024ལོའི་ཟླ་7ཚེས་7ཉིན། འཛམ་གླིང་མཆོང་རྒྱུག་འཕེན་གསུམ་གྱི་རིམ་མཚུངས་མཉམ་འགྲན་ཕ་ལམ་འགྲན་བསྡུར་ཕ་རི་སི་ས་ཚིགས་ཀྱི་འགྲན་བསྡུར་ནང་ཡུག་རེན་གྱི་ལུས་རྩལ་པ་མ་ཧུའུ་ཆི་ཁེ་ཡིས་སྨི་2.10ཡི་ཐོག་ནས་ལོ་37ཙམ་རིང་གི་བུད་མེད་མཐོ་མཆོང་གི་འཛམ་གླིང་གི་ཟིན་ཐོ་ལི་སྨི་1མཐོ་རུ་བཏང་བ་དང་། ཁེན་ནི་ཡའི་བདམས་ཐོན་པ་ཅི་ཕུའུ་ཡེ་ཀྲིན་གྱིས་རང་ཉིད་ཀྱིས་རྒྱུན་འཁྱོངས་བྱས་པའི་བུད་མེད་ཀྱི་སྨི་1500ཡི་འཛམ་གླིང་ཟིན་ཐོ་གསར་པ་བཏོད་ཡོད། 2024ལོའི་ཟླ་8ཚེས་25ཉིན། ཕ་ལམ་རིམ་མཚུངས་མཉམ་འགྲན་ཕོ་ལན་ཞི་ལི་ཞི་ཡ་ས་ཚིགས་ཀྱི་འགྲན་བསྡུར་ནང་སུའེ་ཏེན་གྱི་ལུས་རྩལ་པ་ཏུའུ་ཕུའུ་ལན་ཏི་སིས་སྨི་6.26གི་ཐོག་ནས་རང་ཉིད་ཀྱིས་རྒྱུན་འཁྱོངས་བྱས་པའི་སྐྱེས་པའི་རྒྱུག་བཀན་མཐོ་མཆོང་གི་འཛམ་གླིང་གི་ཟིན་ཐོ་ཐེངས་བཅུ་བཏོད་པ་དང་། ནོར་ཝེའི་བདམས་ཐོན་པ་དབྱིན་ཀེ་པུ་ལེ་ཐེ་སེན་གྱིས་ལོ་28རིང་གི་སྐྱེས་པའི་སྨི་3000འཛམ་གླིང་གི་ཟིན་ཐོ་བཏོད་ཡོད། 2024ལོའི་ཟླ་10ཚེས་13ཉིན། ཁེན་ནི་ཡའི་ཆེ་ཕུའུ་ཨེན་ཅེ་ཏི་ཆི་ལ་ཆུ་ཚོད་2སྐར་མ་9སྐར་ཆ་56གི་གྲུབ་འབྲས་ཐོག་ནས་ཀྲི་ཅ་ཀོ་མར་སུན་རྒྱང་རྒྱུག་གི་ཨང་དང་པོ་ཐོབ་ནས་བུད་མེད་ཀྱི་མར་སུན་རྒྱང་རྒྱུག་གི་འཛམ་གླིང་ཟིན་ཐོ་སྐར་མ་གཉིས་ཙམ་མཐོ་རུ་བཏང་ཡོད། འདི་ནི་2024ལོའི་ཟླ་8ཚེས་25ཉིན། ཏུའུ་ཕུའུ་ལན་ཏི་སིས་ཕ་ལམ་རིམ་མཚུངས་མཉམ་འགྲན་ཕོ་ལན་ཞི་ལི་ཞི་ཡ་ས་ཚིགས་ཀྱི་འགྲན་བསྡུར་མཇུག་འགྲིལ་རྗེས་འཛམ་གླིང་གི་ཟིན་ཐོ་གསར་པའི་སྐར་གསོག་བྱང་བུའི་མདུན་དུ་པར་རྒྱག་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གིས་བཀྲམ།
སི་ཕེན་རུ་ཁག་དང་ཨ་ཀེན་ཐིན་རུ་ཁག་གིས་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་རྩེར་སོན་འགྲན་བསྡུར་གྱི་ཨང་དང་པོ་བླངས་པ།
2024ལོའི་ཟླ་7ཚེས་14ཉིན། སི་ཕེན་རུ་ཁག་གིས་ཚབ་སྐྱོད་རུ་མི་ཨའོ་ཡ་སུའོ་ཝར་གྱིས་སྤོ་ལོ་བླུགས་ནས་དབྱིང་ཀེ་ལན་རུ་ཁག་ལས་བསྡུར་གྲངས་2:1གི་ཐོག་ནས་རྣམ་པར་རྒྱལ་བ་དང་། སྤོ་ལོ་རྒྱག་ཐེངས་ཚང་མ་ཐོབ་ནས་རུ་ཁག་དེའི་ལོ་རྒྱུས་ཀྱི་ཡོ་རོབ་ལེགས་སྐྱེས་འགྲན་བསྡུར་གྱི་ཨང་དང་པོ་ཐེངས་བཞི་ཐོབ་ནས་ཡོ་རོབ་ལེགས་སྐྱེས་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་མང་ཤོས་ཀྱི་སྤོ་ལོ་རུ་ཁག་ཅིག་ཏུ་གྱུར་ཡོད།
ཉིན་དེར་ཨ་ཀེན་ཐིན་རུ་ཁག་གི་དུས་བསྣར་ཡང་བསྡུར་ཐོག་ལའོ་ཐ་ལུའོ·མ་ཏིང་ནེ་སི་ཡིས་རྒྱལ་ཁ་ཐོབ་པའི་སྤོ་ལོ་གཅིག་རང་དེ་བླུགས་ཏེ་བསྡུར་གྲངས་1:0ཡི་ཐོག་ནས་ཀེ་ལུན་པི་ཡ་རུ་ཁག་ལས་རྣམ་པར་རྒྱལ་ཏེ་མེ་གླིང་བུམ་པའི་ཨང་དང་པོ་ཐེངས་16པ་བླངས་པ་མ་ཟད། ཝུའུ་ར་ཀུའེ་རུ་ཁག་ལས་བརྒལ་ཏེ་མེ་གླིང་བུམ་པའི་ཨང་དང་པོ་ཐོབ་མང་ཤོས་སུ་སླེབས་ཡོད།
འདི་ནི་2024ལོའི་ཟླ་7ཚེས་14ཉིན། སི་ཕེན་རུ་ཁག་གིས་2024ལོའི་ཡོ་རོབ་རྐང་རྩེད་སྤོ་ལོའི་ལེགས་སྐྱེས་འགྲན་བསྡུར་གྱི་མཐའ་བསྡུར་གྱི་བྱ་དགའ་སྤྲོད་པའི་མཛད་སྒོར་རྟེན་འབྲེལ་ཞུ་བཞིན་པ།
འདི་ནི་2024ལོའི་ཟླ་7ཚེས་14ཉིན། ཨ་ཀེན་ཐིན་རུ་ཁག་གིས་2024ལོའི་མེ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་མཐའ་བསྡུར་རྗེས་ཀྱི་བྱ་དགའ་སྤྲོད་པའི་མཛད་སྒོར་ཨང་དང་པོ་ཐོབ་པར་རྟེན་འབྲེལ་ཞུ་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་གིས་བཀྲམ།
2030ལོ་དང་2034ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་འཚོག་ཡུལ་གཏན་འཁེལ་བྱས་པ།
2024ལོའི་ཟླ་7ཚེས་22ཉིན་འགོ་ཚུགས་པའི་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་142པའི་ཐོག་ཧྥ་རན་སེའི་ཨར་པེ་སི་ཧྲན་ས་ཁུལ་དང་ཨ་རིའི་ཡན་ཧུའུ་གྲོང་དུ་2030ལོ་དང་2034ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་སོ་སོར་འཚོག་རྒྱུ་དང་སོ་ཏི་ཨ་རབ་ཀྱིས་2025ལོར་ཨོ་ལིམ་ཕིག་གློག་རྡུལ་རྩལ་འགྲན་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་འཚོག་རྒྱུའི་གཏན་འབེབས་བྱས་པ་རེད། ཟླ་12ཚེས་3ཉིན་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ལག་བསྟར་ཨུ་ལྷན་གྱིས་2026ལོའི་ཏ་ཁར་གཞོན་ནུ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་ཆུང་གྲས་སྐབས་གོང་མའི་241ནས་151བར་ཉུང་དུ་བཏང་སྟེ་ཀྲུང་གོའི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་དྲག་རྩལ་དེ་གཞོན་ནུ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་དངོས་གཞིའི་འགྲན་བསྡུར་རྣམ་གྲངས་སུ་ཐེངས་དང་པོ་འགྱུར་རྒྱུའི་གཏན་འབེབས་བྱས་ཡོད།
འདི་ནི་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་པ་ཧོ་ཡིས་ཧྥ་རན་སེའི་ཨར་པི་སི་ཧྲན་ས་ཁུལ་ལ་2030ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གཉེར་དབང་ཐོབ་པའི་ཁྱབ་བསྒྲགས་བྱས་པ་རེད།
འདི་ནི་2024ལོའི་ཟླ་7ཚེས་24ཉིན། ཕ་རི་སིར་འཚོགས་པའི་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་142པའི་ཐོག་ཨ་རིའི་ཡན་ཧུའུ་གྲོང་གི་འཐུས་མི་ཚོགས་པའི་ཁོངས་མིས་2034ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གཉེར་དབང་ཐོབ་པར་རྟེན་འབྲེལ་ཞུ་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེས་པར་བརྒྱབ།