ཡོམ་འགོག་གེགས་སེལ་ལས་དོན་སྤེལ་བཞིན་པ།
ཟླ་1ཚེས་7ཉིན་གྱི་ཆུ་ཚོད་9དང་སྐར་མ་5ལ། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་ཅིང་། ས་ཡོམ་བརྒྱབ་མ་ཐག་ཏང་སྲིད་དམག་ཉེན་དམངས་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་ཕྱོགས་བཞི་མཚམས་བརྒྱད་ནས་ཛ་དྲག་ངང་བསྡུ་རུབ་བྱས་ཏེ་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཚོ་དང་མཉམ་དུ་ཚེ་སྲོག་འཚོལ་སྐྱོབ་ཀྱི་ལས་དོན་སྤེལ་འགོ་ཚུགས།
“གནོད་འཚེ་ཐོན་སྐབས་ང་ཚོ་ངུ་ལོང་མི་འདུག”
ཟླ་1ཚེས་7ཉིན་གྱི་ཆུ་ཚོད་9དང་སྐར་མ་5ལ། གྲམ་སོ་ཤང་མགུ་རིང་གྲོང་ཚོའི་ལྷིང་འཇགས་ཀྱི་རྣམ་པ་དེ་ས་ཡོམ་དྲག་པོ་བརྒྱབ་ནས་ས་གས་གནམ་རྡིབ་དང་ཁང་པ་མང་པོ་ལོག་སྟེ་ཟང་ཟིང་དུ་གྱུར། མགུ་རིང་གྲོང་ཚོ་ནི་ད་ཐེངས་གནོད་འཚེ་ཕོག་ཚབས་ཆེ་ཤོས་ཀྱི་གྲོང་ཚོ་ཡིན་ལ་དེ་གར་དུད་ཚང་41དང་མི་གྲངས་222ཡོད། ས་ཡོམ་རྒྱག་སྐབས་མི་204གྲོང་ཚོར་བསྡད་ཡོད་པ་དང་མི་18ཕྱིར་བསྐྱོད་བྱས་ཡོད།
“སྐབས་དེ་དུས་ང་རང་ལངས་ནས་ཉལ་ཆས་བསྡུ་སྐབས་གློ་བུར་དུ་ས་འགུལ་བའི་ཚོར་སྣང་བྱུང་། ངས་ལམ་སེང་ཕྱིར་བྲོས་རུང་ཐོག་ཁའི་རྡོ་ངའི་ལག་རྒྱབ་ལ་ཟགས་བྱུང”ཞེས་སྐྱི་གཡའ་བའི་གནས་ཚུལ་དེ་ཕྱིར་དྲན་བྱེད་བཞིན་ཤོད་སྐབས་གནོད་འཚེ་ཕོག་མཁན་མང་ཚོགས་དབང་རྒྱལ་གྱི་སེམས་ནང་ད་དུང་དངངས་སྐྲག་གིས་ཁེངས་འདུག
ས་ཡོམ་རྒྱག་སྐབས་ང་དང་བུའི་མནའ་མ་བྲོས་ཐར་བ་ཕུད། ནང་མི་གཞན་ཚང་མ་ཞིག་རོའི་འོག་ལ་ལུས་སོང་། དབང་རྒྱལ་གྱིས་སེམས་སྡུག་ཆེན་པོས“ལྷག་པར་དུ་ངའི་བཟའ་ཟླ་དང་བུ་རྒན་པ་ཞིག་རོའི་འོག་ལུས་ནས་དོན་ཐབས་བྲལ། སྐབས་དེ་དུས་ང་རང་ལ་ཁོ་ཚོ་སྐྱོབ་གང་ཐུབ་བྱ་རྒྱུའི་བསམ་བློ་ལས་འཁོར་ཡས་མི་འདུག”ཅེས་བཤད།
དེ་མུར་གྲོང་ཚོའི་ལས་བྱེད་པ་དང་གྲོང་སྡོད་ལས་བྱེད་པ་འབྱོར་བ་མ་ཟད། ད་དུང་སྨན་དོན་པ་དང་། དཔུང་སྡེའི་དཔོན་དམག སྤྱི་བདེ་ལས་བྱེད་ཉེན་རྟོག་པ་སོགས་རོགས་སྐྱོབ་སྟོབས་ཤུགས་སྔར་བས་མང་བ་དེ་གར་འབྱོར། ཁོ་ཚོས་མགྱོགས་མྱུར་འཚོལ་སྐྱོབ་ལས་དོན་སྤེལ་ནས་དབང་རྒྱལ་གྱི་བཟའ་ཟླ་དང་། བུ་རྒན་པ། བུ་ཆུང་བ་བཅས་རེ་རེ་བཞིན་བསྐྱབས་པ་མ་ཟད་ད་དུང་ཞིག་རོའི་འོག་ལུས་པའི་མང་ཚོགས་སྔར་བས་མང་བ་བསྐྱབས་ནས་བདེ་འཇགས་ཀྱི་བཀོད་སྒྲིག་ས་ཚིགས་སུ་བསྐྱལ་བས་གནོད་འཚེ་ཕོག་མཁན་མང་ཚོགས་ཀྱི་སེམས་པ་ག་ལེར་ལྷོད་ལ་བབས། གྲོང་ཚོའི་ལས་བྱེད་པ་ཚོས་སྔར་བཞིན་འཚོལ་སྐྱོབ་ཀྱི་ལས་དོན་སྤེལ་ནས་ཁོ་ཚོས་མི་གྲངས་རེ་རེ་བཞིན་བཤེར་བ་དང་ཤི་རྨས་ཀྱི་གནས་ཚུལ་ཡང་ཡང་གཏན་འཁེལ་བྱས་ཏེ་མི་གཅིག་ཀྱང་མ་ལུས་པ་བྱས་ཡོད།
དེའི་ནང་དམིགས་བསལ་གྱི་རྒྱབ་གཟུགས་ཤིག་ཡོད་པ་དེ་ནི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་ཕུན་ཚོགས་རེད། ཨ་མ་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་བ་ཤེས་རྗེས་སེམས་སྡུག་ཚད་མེད་སྐྱེས་བྱུང་། འོན་ཀྱང་གནོད་འཚེའི་མདུན་དུ་ངས་སྡུག་རུས་བྱ་རྒྱུ་ལས་མ་འདས། གང་ལགས་ཤེ་ན་ང་ནི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་ཏང་ཡོན་ཞིག་ཡིན་པས་ཤི་གསོན་ལས་ཐར་བའི་གྲོང་མི་རྣམས་ལ་ལྟ་རྟོག་ཡག་པོ་བྱ་རྒྱུ་དེ་མིག་སྔར་ངས་བསྒྲུབ་འོས་པའི་བྱ་བ་གལ་ཆེ་ཤོས་དེ་ཡིན་པ་གསལ་པོར་ཤེས་ཀྱི་འདུག་ཅེས་བཤད།
ཚེ་རིང་ཕུན་ཚོགས་ཀྱིས་སེམས་སྡུག་བཟོད་སྒོམ་ངང་ཡོམ་འགོག་གེགས་སེལ་གྱི་འཐབ་ས་མདུན་མར་འབད་འཐབ་བྱེད་པར་བྲེལ། ཚང་མའི་ཐུན་མོང་གི་འབད་བརྩོན་འོག མིག་སྔར་མགུ་རིང་གྲོང་ཚོའི་དངོས་ཟོག་འདང་ངེས་ཡོད་པ་དང་། ཆུ་དང་གློག་རྒྱུན་གཏན་ལྟར་ཡིན་པ། འགྲོ་ལམ་ཤར་གཏོང་ཐུབ་པ། བཤིག་བདེའི་ཁང་པ་30རྦད་དེ་བརྒྱབ་ཟིན་ཡོད།
“མི་ལ་སྐྱོན་མེད་ཚེ་དེ་མིན་ཚང་མ་ག་ལེར་བསྐྱར་སྐྲུན་བྱས་ཆོག”
མཚོ་སྒང་ཤང་སྲིད་གཞུང་གནས་ས་ནས་ཐོན་ཏེ་ལམ་ཐག་སྤྱི་ལེ་ཁ་ཤས་བརྒྱུད་རྗེས་མཚོ་སྒང་ཤང་སྐྱིད་ལྡིང་གྲོང་ཚོར་འབྱོར་གྱི་འདུག
སྐྱིད་ལྡིང་གྲོང་ཚོར་དུད་ཚང་210དང་མི་གྲངས་880དང་རང་བྱུང་གྲོང་ཚོ་གསུམ་འདུག ས་ཡོམ་བརྒྱབ་རྗེས་གྲོང་ཚོའི་སོ་ཕག་ཁང་པ་ཚང་མར་གཏོར་སྐྱོན་ཚབས་ཆེན་ཕོག་པ་དང་། མི་སྣ་ཤི་རྨས་བྱུང་བ། གློག་ཤུགས་མཁོ་འདོན་ཆད་རུང་། འགྲིམ་འགྲུལ་དང་། འཕྲིན་གཏོང་། འཐུང་ཆུ་སོགས་ཚང་མ་རྒྱུན་གཏན་ལྟར་རེད་འདུག
ས་ཡོམ་བརྒྱབ་རྗེས་སྐྱིད་ལྡིང་གྲོང་ཚོའི་ལས་བྱེད་པ་8ཀྱིས་འཕྲལ་མར་ཚང་མ་སྒྲིག་འཛུགས་བྱས་ནས་གོ་རིམ་ལྡན་པའི་ངང་ཉེན་སེལ་རོགས་སྐྱོབ་ཀྱི་འཐབ་ས་དང་པོར་བསྐྱོད་དེ་རང་ནུས་ཡོད་རྒུས་མི་སྣ་འཚོལ་སྐྱོབ་དང་། རྨས་མ་སྐྱོབ་བཅོས། མང་ཚོགས་གནས་སྤོ་བཀོད་སྒྲིག་སོགས་ཀྱི་ལས་དོན་སྤེལ་ཡོད།
གསར་འགོད་པས་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བཀྲ་ཤིས་མཐོང་སྐབས་ཁོང་གི་སྐྲ་དང་གྱོན་གོས་ཚང་མར་ཐལ་རྡུལ་གྱིས་ཁེངས་པ་དང་ལག་པ་གཉིས་ཀྱང་ཐལ་བས་འཚོས་པ་མ་ཟད། མིག་གཉིས་དམར་རྐྱང་ཆགས་འདུག ཁོང་གིས“སྐབས་དེ་དུས་ངའི་སེམས་ནང་ཞིག་རོའི་འོག་ལུས་པའི་མང་ཚོགས་ཚོ་སྐྱོབ་ཐུབ་ན་བསམ་པ་ལས་བསམ་བློ་གཞན་གང་ཡང་འཁོར་ཡག་མི་འདུག མི་ལ་སྐྱོན་མེད་ཚེ་དེ་མིན་ཚང་མ་ག་ལེར་བསྐྱར་སྐྲུན་བྱས་ན་ཆོག”ཅེས་བཤད།
ད་ཆ་སྐྱིད་ལྡིང་གྲོང་ཚོའི་གང་སར་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ཤིང་། ན་གཞོན་གྲོང་མི་ཚོས་རོགས་སྐྱོབ་མི་སྣ་དང་མཉམ་དུ་གུར་བརྒྱབ་པ་དང་དངོས་ཟོག་དབོར་གྱི་འདུག ངལ་དུབ་ཀྱིས་མནར་རུང་ཁོ་ཚོ་ཚང་མའི་མིག་ནང་རེ་བས་ཁེངས་ཤིང་ཁོ་ཚོས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་དང་སྤྱི་ཚོགས་ལས་རིགས་ཁག་གི་གཅེས་སེམས་རོགས་སྐྱོར་འོག་ཁྱིམ་གཞིས་བསྐྱར་སྐྲུན་ཐུབ་པའི་ཡིད་ཆེས་བརྟན་པོ་འཆང་གི་ཡོད།
“ངས་བསྒྲུབས་པའི་ལས་ཀ་ཚང་མ་མི་དམངས་ཉེན་རྟོག་པས་བསྒྲུབ་འོས་པའི་ལས་ཀ་ཤ་སྟག་རེད”
ཟླ་1ཚེས་8ཉིན། གྲམ་སོ་ཤང་མགུ་རིང་གྲོང་ཚོར་གསར་འགོད་པས་རོགས་སྐྱོབ་དངོས་ཟོག་དབྱེ་བ་འབྱེད་བཞིན་པའི་དིང་རི་རྫོང་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པ་དོན་གྲུབ་ཚེ་རིང་མཐོང་བྱུང་། ས་ཡོམ་བརྒྱབ་རྗེས་དོན་གྲུབ་ཚེ་རིང་གིས་ལས་རོགས་ཚོ་དང་མཉམ་དུ་འཕྲལ་མར་གེགས་ཁུལ་དུ་བསྐྱོད་དེ་ཉེན་སེལ་རོགས་སྐྱོབ་དང་། འགྲིམ་འགྲུལ་གཤོང་བ། བདེ་འཇགས་སྲུང་སྐྱོང་བཅས་ཀྱི་ལས་དོན་སྤེལ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱས་པ་དང་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་སྲུང་སྐྱོང་བྱས་ཡོད།
དོན་གྲུབ་ཚེ་རིང་ནི་ད་ཐེངས་ཀྱི་ཡོམ་འགོག་གེགས་སེལ་ནང་ཞུགས་མཁན་གཞི་རིམ་མི་དམངས་ཉེན་རྟོག་པ་མང་པོའི་ཁྲོད་ཀྱི་གྲས་ཤིག་རེད། ཡོམ་འགོག་གེགས་སེལ་ནང་ཞུགས་མཁན་མི་དམངས་ཉེན་རྟོག་པའི་ནང་མང་ཆེ་བ་གེགས་ཁུལ་ནས་ཡིན་པ་དང་། ཁོ་ཚོས་རང་ཉིད་ཀྱི་ཁང་པ་དང་འཇིགས་སྣང་བྱུང་བའི་ནང་མིར་ལྟ་ཁོམ་མེད་པར་ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་བསྲུངས་ཏེ་སོམ་ཉི་སྤུ་ཙམ་མེད་པར་ཉིན་མཚན་བསྟུད་མར་ཡོམ་འགོག་གེགས་སེལ་གྱི་འཐབ་ས་མདུན་མར་འབད་འཐབ་བྱེད་བཞིན་མཆིས།
རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པ་བྱང་ཆུབ་ནི་དིང་རི་རྫོང་གད་དམར་ཤང་ནས་ཡིན་ལ་ས་ཡོམ་གྱི་གེགས་ཁུལ་ཡང་ཡིན། ས་ཡོམ་བརྒྱབ་རྗེས་ཁོང་དང་ལས་རོགས་ཚོས་འཕྲལ་དུ་མཚོ་སྒང་ཤང་དུ་རོགས་སྐྱོབ་ལས་དོན་སྤེལ་ཡོད། ལོ་ན་བགྲེས་པའི་ཕ་དང་ཚ་བོ་སེམས་ནང་འཆང་བཞིན་ཁོང་གིས་ངལ་གསོ་ཕྲན་བུའི་སྐབས་ནང་མིར་ཁ་པར་བརྒྱབ། ཁང་པར་གཏོར་སྐྱོན་ཕོག་རུང་ནང་མིར་སྐྱོན་ཆག་མེད་པ་ཤེས་འཕྲལ་མུ་མཐུད་ཡོམ་འགོག་གེགས་སེལ་ལས་ལ་གཞོལ།
“ས་ཡོམ་བརྒྱབ་པའི་ཉིན་མོར་ནང་མིར་ཁ་པར་སྐར་ཆ་བཅུ་ལས་བརྒྱབ་མེད་པས་སེམས་ཁུར་བྱེད་ཁོམ་མ་བྱུང་། ང་རང་མི་དམངས་ཉེན་རྟོག་པ་ཞིག་ཡིན་པས་འཐབ་ས་མདུན་མར་བསྐྱོད་དེ་ལས་ཀ་བྱ་རྒྱུ་ནི་ངས་བསྒྲུབ་འོས་པའི་བྱ་བ་ཞིག་རེད”ཅེས་བྱང་ཆུབ་ཀྱིས་བཤད།