འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་ཟླ་1ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་9ཉིན་གྱི་ཕྱི་དྲོར། གསར་འགོད་པར་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ས་ཡོམ་རིམ་པ་6.8ཀྱི་ཡོམ་འགོག་རོགས་སྐྱོབ་ལས་དོན་སྤེལ་ཚུལ་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། ཟླ་1ཚེས་7ཉིན་གྱི་སྔ་དྲོའི་ཆུ་ཚོད་9དང་སྐར་མ་5ལ། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པ་དང་། ད་ཐེངས་ཀྱི་ས་ཡོམ་རིམ་པ་མཐོ་བ་དང་གས་ཤུགས་ཆེན་པོ་ཡོད་པ་རེད། ཚེས་9ཉིན་གྱི་སྔ་དྲོའི་ཆུ་ཚོད་6པའི་བར་ས་ཡོམ་ནང་མི་126རྐྱེན་ལམ་དུ་ཤོར་བ་དང་། དུད་ཁྱིམ་27248ཀྱི་ཁང་པར་གཏོར་སྐྱོན་ཕོག་པའི་ཁྲོད་ཁང་པ་3612ལོག་ཡོད། ས་ཡོམ་གྱིས་དིང་རི་དང་། ལྷ་རྩེ། ས་སྐྱ། ས་དགའ། གཏིང་སྐྱེས་བཅས་རྫོང་5ཡི་ཤང་དང་གྲོང་རྡལ་26གི་གྲོང་ཚོ(སྡེ་ཁུལ)206ལ་ཤུགས་རྐྱེན་ཐེབས་ཤིང་། མང་ཚོགས་ཁྲི་6.15ལྷག་ཙམ་ལ་ཚད་གཞི་མི་འདྲ་བའི་གནོད་འཚེ་ཕོག་ཡོད།
ས་ཡོམ་བརྒྱབ་རྗེས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཕྱོགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་སྤྱི་འདོམས་བྱས་ཏེ། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ནས་རོགས་སྐྱོབ་ཀྱི་དུས་ཚོད་ཡག་ཤོས་དམ་འཛིན་གྱིས་ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་དང་འཚོལ་སྐྱོབ་དང་།
(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) རྨས་མ་སྐྱོབ་བཅོས། གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག་ཡག་པོ་བཅས་བྱས་ཏེ་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་མི་སྣ་ཤི་རྨས་ཉུང་དུ་བཏང་བ་རེད།
གཞི་རྩའི་འགན་སྲུང་ཐད། གེགས་ཁུལ་དུ་ཁྱོན་བསྡོམས་བཀོད་སྒྲིག་བྱ་ཡུལ་224བཙུགས་ཏེ་མི་ཁྲི་4.75བཀོད་སྒྲིག་བྱས་ཡོད། སྲིང་བལ་གྱི་གུར་12730བརྒྱབ་པ་དང་། དྲོད་འདོན་སྒྲིག་བཀོད་12043བསྒར་བ། གློག་གདན་3020སྤྲད་པ་བཅས་ཁྱོན་བསྡོམས་སྲིང་བལ་གྱི་གུར་དང་། ལྟེབ་ཁྲི། ཀམ་པ་ལི། དྲོད་ལེན་ཐབ། བཟའ་བཅའ། སྨན་རྫས་སོགས་དངོས་ཟོག་དོ་པོ(ཁག)ཁྲི་61.2ལྷག་དང་དེ་བཞིན་མེ་ཤིང་རླངས་འཁོར་104འཕྲལ་དུ་བསྐྱལ་ནས་འཕྲལ་སྡོམ་སྐྱེལ་འདྲེན་གྱི་གྲ་སྒྲིག་ལས་དོན་ཡག་པོར་སྒྲུབ་བཞིན་ཡོད། རྒྱལ་ཁབ་དང་སྤྱི་ཚོགས་ལས་རིགས་ཁག་གི་རོགས་སྐྱོར་འོག གེགས་སེལ་དངོས་ཟོག་མཁོ་སྤྲོད་གཞི་རྩའི་ཆ་ནས་འདང་ངེས་བྱུང་སྟེ་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་སྤྱིར་ན་གཞི་རྩའི་འགན་སྲུང་ཐུབ་ཡོད། རིམ་ཁག་སྨན་བཅོས་སྐྱོབ་བཅོས་རིགས་གཅིག་མཁས་ཅན་གྱིས་གཞིས་རྩེ་གྲོང་ཁྱེར་དུ་རྨས་མ་རེ་རེ་བཞིན་ལ་བརྟག་དཔྱད་བྱས་ཏེ“མི་རེར་ཐབས་ཇུས་རེ”ཡི་སྐྱོབ་བཅོས་ཇུས་གཞི་བཟོས་ཡོད་པ་རེད།
རྨང་གཞིའི་སྒྲིག་བཀོད་ཐད། གཏོར་སྐྱོན་ཕོག་པའི་འགྲོ་ལམ་དང་། གློག་ཤུགས། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་ཤར་གཏོང་ཉམས་བཟོའི་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་ཞིང་། མིག་སྔར་ཡོམ་ཁུལ་ཉེ་འགྲམ་གྱི་ཆུ་མཛོད་4ལ་གཏོར་སྐྱོན་ཕོག་པ་གྲལ་བཤེར་བྱུང་བའི་ནང་ནས་ཆུ་མཛོད་2ཀྱི་ཆུ་ཁ་དམའ་རུ་བཏང་ཟིན་པ་དང་དེ་འཕྲོས་ཆུ་མཛོད་2ཀྱི་གཉེར་སྐྱོང་རྒྱུན་གཏན་བྱུང་ཡོད། ས་ཡོམ་བརྒྱབ་རྗེས་ཆུ་ཚོད་ལྔ་ཙམ་གྱི་རིང་དིང་རི་རྫོང་གིས་རྫོང་གྲོང་གི་གློག་འདོན་སླར་གསོ་བྱས་པ་རེད། ས་ཡོམ་བརྒྱབ་རྗེས་ཀྱི་ཆུ་ཚོད་18ནང་མཚོ་སྒང་ཤང་དང་། གྲམ་སོ་ཤང་། ཆུ་ལྷོ་ཤང་སོགས་གནོད་འཚེ་ཕོག་ཚབས་ཆེ་ཤོས་ཀྱི་ས་ཁོངས་ལ་གློག་འདོན་སླར་གསོ་བྱས་ཤིང་། ས་ཡོམ་བརྒྱབ་རྗེས་ཀྱི་ཆུ་ཚོད་34ནང་ལྷ་རྩེ་རྫོང་ལྷ་རྩེ་གྲོང་རྡལ་དང་མང་ཕུ་ཤང་ཚུད་པའི་ཤུགས་རྐྱེན་ཐེབས་པའི་གློག་སྒྱུར་ས་ཚིགས་དང་སྐུད་ལམ་ཚང་མ་སླར་གསོ་བྱས་ནས་གློག་བཏང་ཡོད། འཕྲིན་གཏོང་ལས་རིགས་ཀྱིས་མི་སྣ་མི་ཐེངས་423དང་། རླངས་འཁོར་ཐེངས་133 སྲུང་སྐར་ཁ་པར་450 མི་མེད་གནམ་གྲུའི་བར་སྣང་ས་ཚིགས་2བཅས་བཏང་ནས་གེགས་ཁུལ་གྱི་འཕྲིན་གཏོང་གཞི་རྩའི་ཆར་སླར་གསོ་རྒྱུན་གཏན་བྱུང་ཡོད། ལྷ་གཞིས་ལྕགས་ལམ་ཡང་གཉེར་སྐྱོང་སླར་གསོ་བྱུང་ཡོད། མི་1000ལྷག་ཙམ་གྲོང་གསེབ་ཀྱི་གཞུང་ལམ་གྲལ་བཤེར་ནང་ཞུགས་ཏེ་ཟམ་པ་416ལ་གྲལ་བཤེར་བྱས་པ་དང་། གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་3054ལ་སྐོར་ཞིབ་བྱས་པ། གཏོར་སྐྱོན་ཕོག་པའི་རྒྱལ་ལམ་དང་ཞིང་ཆེན་ལམ་གཙོ་བོ་5ཚང་མ་ཤར་གཏོང་ཐུབ་སྟེ་ཕྱོགས་རྐྱང་པ་ནས་རླངས་འཁོར་ཤར་སྐྱོད་ཐུབ་པ་དང་། གྲོང་གསེབ་ཀྱི་གཏོར་སྐྱོན་ཕོག་པའི་ལམ་དུམ་10རྒྱུན་གཏན་ལྟར་ཤར་གཏོང་ཐུབ་ཡོད་པ་རེད།
གེགས་བར་ལ་སྙིང་རྗེ་མེད་ཀྱང་། མི་ཡུལ་དུ་བྱམས་བརྩེ་ཡོད། ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་དུང་ཕྱུར་1འཕྲལ་མར་སྔོན་གཏོང་བྱས་ཤིང་། པེ་ཅིང་དང་། ཧྲང་ཧའེ། ཀན་སུའུ། ཤིན་ཅང་། ལིའོ་ཉིང་། ཧྲའན་ཞི། ཧུའུ་པེ་སོགས་ཞིང་ཆེན་དང་། གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་དང་སྤྱི་ཚོགས་ལས་རིགས་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་བོད་ལྗོངས་ལ་རོགས་སྐྱོར་བྱས་པ་དང་། མིག་སྔར། རང་སྐྱོང་ལྗོངས་ལ་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་1.15འབྱོར་ཡོད། གཞིས་རྩེ་གྲོང་ཁྱེར་དགེ་སྒྲུབ་རྩ་འཛུགས་ཀྱིས་ཞལ་འདེབས་མ་དངུལ་སྒོར་ཁྲི་8387དང་ལེན་བྱས་ཡོད་པ་རེད།
(གནམ་ཕྱུག་རྒྱལ་གྱིས་བསྒྱུར། པ་ཕན་གྱིས་ཞུས)