འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་9ཉིན་གནས་ཚུལ་འབྱོར་གསལ། ཚེས་8ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་ཡན་ཅིན་ཧའེ་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་རུ་ཕེབས་ནས། བརྙན་ལམ་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་སྟེ། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ས་ཡོམ་རིམ་པ་6.8ཀྱི་ཡོམ་འགོག་གེགས་སེལ་དང་དེ་བཞིན་ས་ཁུལ་དང་གྲོང་ཁྱེར་ཁག་གི་སྤྱི་ཚོགས་བདེ་འཇགས་བརྟན་ལྷིང་ལས་དོན་སྤེལ་ཚུལ་གྱི་སྙན་སེང་གསན་པ་མ་ཟད།
(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ལག་བསྟར་དོན་འཁྱོལ་ལས་དོན་སྤེལ་ཚུལ་ལ་བཀོད་འདོམས་བཀོད་གཏོང་ཡང་གནང་བ་རེད།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལི་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ། ནུས་པ་དང་ཕན་འབྲས་ལྡན་པའི་བྱ་སྤྱོད་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། འཚོལ་སྐྱོབ་ལས་དོན་མུ་མཐུད་གཏིང་ཟབ་དང་ཞིབ་ཚགས་སྤེལ་ནས། འཚོལ་སྐྱོབ་ཀྱི་ཁྱབ་ཁོངས་སྔར་བས་རྒྱ་ཆེར་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས་ཧུར་ཐག་བྱེད་པ། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་ཡག་པོ་བཅས་བྱས་ཏེ་ས་ཆ་གཅིག་ཀྱང་མི་ལུས་པ་དང་མི་གཅིག་ཀྱང་མི་ལུས་པ་བྱེད་དགོས། ལས་ཀའི་ཇུས་གཞི་སྔར་བས་ཞིབ་ཚགས་སུ་བཏང་ནས། འབྲེལ་ཡོད་བྱ་ཐབས་ཏན་ཏིག་དང་ལེགས་སུ་གཏོང་བ་དང་། འཚོ་བའི་དངོས་ཟོག་མཁོ་སྤྲོད་འདང་ངེས་འགན་ལེན་ཏན་ཏིག་བྱེད་པ། དྲོད་ལེན་དྲོད་སྲུང་དངོས་ཟོག་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་གེགས་ཁུལ་མང་ཚོགས་བདེ་འཇགས་དང་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་ཐུབ་པའི་འགན་ལེན་བྱེད་དགོས། ས་གཤིས་གནོད་འཚེའི་ཉེན་ཁའི་རང་བཞིན་ལ་ཚོད་སྐོར་བྱེད་པའི་ལས་དོན་ཏན་ཏིག་ངང་ལེགས་པར་བསྒྲུབས་ནས། གཏོར་སྐྱོན་ཕོག་པའི་ཁང་པ་དང་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པ་དང་། གེགས་ཁུལ་གྱི་བདེ་འཇགས་ལྟ་འདོམས་དང་བདེ་འཇགས་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཞོར་ཐོན་ཤི་རྨས་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས། མཐའ་ཚད་ཀྱི་བསམ་བློ་དང་གྲུབ་འབྲས་ཀྱི་ཕྱོགས་སྟོན་མཐའ་འཁྱོངས་ཀྱིས་འགན་འཁྲི་ནན་དུ་དང་དོན་འཁྱོལ་ལ་དམ་འཛིན་བྱས་ནས། ལས་རེས་གྲ་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་གཏིང་ཟབ་བྱེད་པ། རྐུན་འགོག་མེ་ཟོན་དང་སྤྱི་ཚོགས་ངོས་ཀྱི་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས།
ཚོགས་འདུ་འཚོགས་རྗེས། ཡན་ཅིན་ཧའེ་ཡིས་འབྲེལ་ཡོད་སྡེ་ཚན་སྐོང་བསྡུ་བྱས་ནས་གེགས་ཁུལ་གྱི་འཚོ་བ་འགན་ལེན་སོགས་ཀྱི་ལས་དོན་ལ་ཆེད་དོན་ཞིབ་འཇུག་གནང་ཞིང་། མཐུན་སྒྲིལ་རོགས་ལས་དང་སྤྱི་འདོམས་འཆར་འགོད་ཀྱིས་ཛ་དྲག་གི་གནད་དོན་འཕྲལ་དུ་སྒྲུབ་པ་དང་དམིགས་བསལ་གྱི་གནད་དོན་དམིགས་བསལ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ནས། བྱ་ཐབས་ཡོད་རྒུས་དྲོད་ལེན་དྲོད་སྲུང་དངོས་ཟོག་མགྱོགས་མྱུར་བསྡུ་རུབ་བྱེད་པ་དང་། ནུས་རྒྱུ་གསར་པ་དང་རྒྱུ་ཆ་གསར་པ་ཁྱབ་གདལ་དང་བེད་སྤྱོད་ཧུར་ཐག་བྱས་ཏེ་གེགས་རྗེས་བསྐྱར་སྐྲུན་ལས་དོན་ལ་འདེགས་སྐྱོར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
(པད་ཆོས་ཀྱིས་བསྒྱུར། བསོད་བདེ་ཆེ་བས་ཞུས)