《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年01月11日

ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ས་ཡོམ་རིམ་པ་6.8ཀྱི་ཡོམ་འགོག་གེགས་སེལ་ལས་དོན་ལ་ཆེད་དོན་ཞིབ་འཇུག་གནང་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཡོམ་འགོག་གེགས་སེལ་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་9ཉིན་གནས་ཚུལ་འབྱོར་གསལ། ཚེས་8ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་བརྒྱབ་པའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་གནང་བ་དང་། ཡོམ་འགོག་གེགས་སེལ་ལས་དོན་སྐོར་གྱི་གནས་ཚུལ་སྙན་སེང་གསན་ཏེ། འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་གནང་བ་རེད།

ཚོགས་འདུ་མ་འཚོགས་གོང་། ཚོགས་ཞུགས་བློ་མཐུན་ཚང་མས་ཡར་བཞེངས་ཏེ་དིང་རི་རྫོང་གི་ས་ཡོམ་རིམ་པ་6.8ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་རྣམས་ལ་ངག་བསྡམས་ནས་མྱ་ངན་ཞུས་པ་རེད།

ཝང་ཅུན་ཀྲེང་གིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དིང་རི་རྫོང་གི་ས་ཡོམ་གནོད་འཚེའི་གནས་ཚུལ་ལ་ཚད་མཐོའི་དོ་ཁུར་དང་དུས་དང་རྣམ་པ་ཀུན་ཏུ་ཐུགས་ཁྲལ་གནང་སྟེ་འཕྲལ་མར་མཛུབ་སྟོན་གལ་ཆེན་དང་བླང་བྱ་ཁ་གསལ་བཏོན་གནང་བ་དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་གེགས་ཁུལ་གྱི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་ལུགས་གང་ལེགས་མཚོན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བློ་གཅིག་སེམས་གཅིག་ངང་མི་དམངས་ཆེད་ལས་དོན་སྒྲུབ་པའི་བརྩེ་སེམས་ཀྱང་གང་ལེགས་མངོན་ནས་ང་ཚོར་ལྕག་སྐུལ་ཆེན་པོ་གནང་བ་མ་ཟད། ཡོམ་འགོག་གེགས་སེལ་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་ཡང་གནང་ཡོད། ས་ཡོམ་བརྒྱབ་རྗེས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་སྤྱི་ཚོགས་ལས་རིགས་ཁག་གི་དོ་ཁུར་དང་རྒྱབ་སྐྱོར་འོག

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཐོག མགྱོགས་མྱུར་བཀོད་སྒྲིག་དང་འཕྲལ་མར་བྱ་སྤྱོད་སྤེལ་ཏེ་ཡོམ་འགོག་གེགས་སེལ་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་ཞིང་། ཕྱོགས་ཁག་གི་རོགས་སྐྱོབ་མི་སྣ་འཕྲལ་མར་གཅིག་སྡུད་དང་རོགས་སྐྱོབ་དངོས་ཟོག་སྣ་ཚོགས་མགྱོགས་མྱུར་མཁོ་སར་འབྱོར་བར་བྱས་ཡོད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་གེགས་ཁུལ་མི་དམངས་ཀྱིས་ལྟ་རེས་སྐྱོང་རེས་ཀྱིས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ནས་ཉེན་སེལ་རོགས་སྐྱོབ་ཀྱི་དམིགས་བསལ་དམག་འཐབ་ཅིག་བརྒྱབ་ཡོད། ཡོམ་འགོག་གེགས་སེལ་ལས་དོན་ཚན་རིག་དང་མཐུན་ལ་བརྒྱུད་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་། བཀོད་འདོམས་བཀོད་གཏོང་མ་ལག་འཁོར་སྐྱོད་ནུས་ལྡན་ཡོད་པ། ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་སེམས་མཐུན་ཤུགས་སྒྲིལ་བྱེད་པ། གནོད་འཚེ་ཕོག་ཚུལ་ཕྱོགས་ཡོངས་ནས་མཐིལ་རྟོགས་བྱེད་པ། རྨས་མར་དུས་ཐོག་ཏུ་སྨན་བཅོས་ཐུབ་པ། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་ཡག་པོ་བཅས་བྱས་ཏེ་སྤྱི་ཚོགས་ཕྱོགས་ཡོངས་བརྟན་ལྷིང་དང་མི་སེམས་ལྷོད་ལ་བབས་པར་བྱས་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཡོམ་འགོག་གེགས་སེལ་ལས་དོན་ཡག་པོ་སྒྲུབ་པའི་ཕྱོགས་ཚང་མ་དང་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་བྱེད་པ། མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ། འགན་འཁྲིའི་བསམ་པ་དང་དགོས་གཏུག་གི་བསམ་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཡོམ་འགོག་གེགས་སེལ་གྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་གཏོང་བ། ཡོམ་འགོག་གེགས་སེལ་དང་གེགས་རྗེས་བསྐྱར་སྐྲུན་གྱི་ལས་དོན་ཁག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ཐུགས་ཁུར་དང་དོ་ཁུར་གནང་ལུགས་དོན་འཁྱོལ་ཏན་ཏིག་བྱེད་དགོས།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་ཡོམ་འགོག་གེགས་སེལ་ལས་དོན་ལ་གཅིག་འདོམས་མཐའ་འཁྱོངས་བྱས་ཐོག་གདེང་ཚོད་དང་ཆོད་སེམས་བརྟན་དུ་བཏང་ནས་ཡོམ་འགོག་གེགས་སེལ་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས། མི་སྣ་འཚོལ་སྐྱོབ་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས་རོགས་སྐྱོབ་དུས་ཚོད་ཡག་ཤོས་དམ་འཛིན་གྱིས་ཕྱོགས་ཁག་གི་དཔོན་དམག་སྒྲིག་འཛུགས་དང་ལས་བྱེད་པ་དང་མང་ཚོགས་སྐུལ་སློང་བྱས་ཐོག་རྫོང་དང་། ཤང་། གྲོང་ཚོ་བཅས་རེ་རེ་བཞིན་ལེབ་བཤེར་བྱས་ཏེ། གནས་སྦར་མཐིལ་ཙམ་ཡང་མི་བསྐྱུར་པ་དང་མི་གཅིག་ཀྱང་མི་ལུས་པའི་འགན་ལེན་བྱས་ནས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་མི་ཤི་རྨས་འབྱུང་ཚད་ཉུང་དུ་གཏོང་དགོས། ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས་བྱེད་པ་དང་། ཆེད་ལས་སྐྱོབ་བཅོས་མི་སྣ་སྔར་བས་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱེད་པ། སྐོར་སྐྱོད་སྨན་ཁང་དང་རོགས་སྐྱོབ་ས་ཚིགས་འཛུགས་པ། གེགས་ཁུལ་དུ་འཕྲལ་མར་མཁོ་བའི་རྒྱུན་སྤྱོད་སྨན་རྫས་གཏོང་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ། རྨས་སྐྱོན་ཕོག་པའི་མང་ཚོགས་ལ་སྐོར་ཞིབ་སྨན་བཅོས་བཅས་བྱས་ནས་མང་ཚོགས་ཚོར་ཐག་ཉེ་ས་ནས་སྟབས་བདེའི་སྨན་བཅོས་ཐུབ་པར་བྱེད་དགོས། མང་ཚོགས་ཀྱི་བདེ་ཐང་སློབ་གསོར་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བཀོད་སྒྲིག་ས་ཚིགས་སུ་དུག་སེལ་བྱེད་པ། འཐུང་ཆུ་དང་བཟའ་བཅའི་བདེ་འཇགས་ལ་ཞིབ་དཔྱད་ཚད་ལེན་བྱེད་པ། རྐྱེན་ལམ་དུ་ཤོར་མཁན་གྱི་རྗེས་འཇུག་ངང་རྒྱུད་རིང་ལ་ཞིབ་ཚགས་པོས་ཡག་པོ་སྒྲུབ་པ། མེ་སྐྱོན་དང་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ནས“གནོད་འཚེ་ཆེན་པོ་བྱུང་བའི་རྗེས་སུ་རིམས་ནད་ཆེན་པོ་མི་ཐོན་པ”དང་ཚེ་སྲོག་བདེ་འཇགས་འགན་ལེན་བྱེད་དགོས། གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག་ཡག་པོ་བྱས་ཏེ། མང་ཚོགས་ཀྱི་གྲང་འགོག་དྲོད་སྲུང་ལས་དོན་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་འཚོ་བའི་མཁོ་ཆས་སྐྱེལ་འདྲེན་ཡག་པོ་དང་། ཆེད་མི་དང་ཆེད་དོན་ཚན་ཁག་གིས་དངོས་ཟོག་ལ་དོ་དམ་དང་བཀོད་སྒྲིག་གནད་འཁེལ་བྱས་ཏེ། གནོད་འཚེ་ཕོག་པའི་མང་ཚོགས་གུར་དྲོ་པོའི་ནང་སྡོད་རྒྱུ་ཡོད་པ་དང་། ཆུ་ཁོལ་འཐུང་རྒྱུ་ཡོད་པ། ཟ་མ་ཚ་པོ་ཟ་རྒྱུ་ཡོད་པ། དྲོ་སོབ་སོབ་ངང་མཚན་མོ་སྐྱེལ་ཐུབ་པ། གཉེར་ཉེ་ལྟར་གྱི་བརྩེ་སེམས་ཚོར་བ་བཅས་ཀྱི་འགན་ལེན་བྱས་ནས། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་བརྟེན་ས་ཡོད་པ་དང་བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་ངང་དགུན་ཁ་སྐྱེལ་ཐུབ་པའི་འགན་ལེན་བྱེད་དགོས། ཚན་རིག་དང་མཐུན་པའི་ངང་ཉེན་སེལ་གེགས་སེལ་ལས་དོན་སྤེལ་ནས་ཡོམ་འཕྲོ་དང་རི་ཉིལ་བ་སོགས་ལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བར་ཤུགས་སྣོན་རྒྱག་པ་དང་། གནམ་གཤིས་འགྱུར་ལྡོག་ལ་དོ་ཁུར་ཆེན་པོ་བྱེད་པ། ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་ཡོད་ས་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པ། ཞོར་ཐོན་གནོད་འཚེ་སྔོན་འགོག་ནན་པོ་བྱེད་པ། གཏོར་སྐྱོན་ཕོག་པའི་ཆུ་དང་། གློག ལམ་སོགས་རྨང་གཞིའི་སྒྲིག་བཀོད་ནུས་ཤུགས་ཡོད་རྒུས་མྱུར་བཟོ་བྱེད་པ། གེགས་སེལ་མི་སྣ་དང་གེགས་སེལ་དགོས་མཁོ་ཚན་རིག་དང་མཐུན་པའི་ངང་བཀོད་གཏོང་བྱེད་པ། ཡོམ་འགོག་གེགས་སེལ་རླངས་འཁོར་དང་། དངོས་ཟོག མི་སྣ་བཅས་བདེ་བླག་ངང་འགྲོ་སྐྱོད་ཐུབ་པའི་འགན་ལེན་བཅས་བྱེད་དགོས། ཡང་དག་པའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་ས་ཡོམ་གནོད་འཚེའི་གནས་ཚུལ་དང་ཡོམ་འགོག་གེགས་སེལ་གྱི་འཕེལ་རིམ་དུས་ཐོག་དང་ཡང་དག་པའི་སྒོ་ནས་ཁྱབ་བསྒྲགས་བྱེད་པ་དང་། ཡོམ་འགོག་གེགས་སེལ་ལས་དོན་ཁྲོད་ཐོན་པའི་དཔེ་མཚོན་བྱས་རྗེས་དང་དཔེ་མཚོན་མི་སྣ་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ། ཡོམ་འགོག་གེགས་སེལ་ལས་དོན་ཏན་ཏིག་བསྒྲུབ་རྒྱུར་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་གཏོད་དགོས། སྤྱི་ཚོགས་སྤྱི་ཡོངས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པ་དང་། སྤྱི་ཚོགས་ཀྱི་བདེ་འཇགས་དོ་དམ་དང་སྤྱི་ཚོགས་ངོས་ཀྱི་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་པ། འགྲོ་ལམ་དང་། ཆུ་མཛོད། གློག་ཁང་། ལྕགས་ལམ། འགག་སྒོ་སོགས་གཙོ་གནད་ཁག་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་དང་སྲུང་སྐྱོང་བྱས་ནས། བྱ་ཐབས་ནུས་ལྡན་སྤྱད་དེ་གེགས་ཁུལ་གྱི་སྤྱི་ཚོགས་སྒྲིག་ལམ་བཟང་པོ་ཡོང་བའི་འགན་ལེན་བྱེད་དགོས།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། མིག་སྔར་ཡོམ་འགོག་གེགས་སེལ་ལས་དོན་དེ་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་དང་གེགས་རྗེས་བསྐྱར་སྐྲུན་བྱེད་པར་བསྒྱུར་ཡོད། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་དང་ཚན་རིག་དང་མཐུན་པའི་འཆར་འགོད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གེགས་རྗེས་བསྐྱར་སྐྲུན་འགོ་ཁྲིད་ཚོགས་ཆུང་འཕྲལ་མར་བཙུགས་ཐོག་གཞི་གཅིག་ཅན་གྱི་བསམ་གཞིགས་མཐའ་འཁྱོངས་བྱེད་པ་དང་། གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་རྒྱག་པ། དངོས་ཐོག་བདེན་འཚོལ་དང་གཅིག་ཤེས་ཀུན་གྲོལ་མཐའ་འཁྱོངས་བྱེད་པ། མིག་སྔ་དང་འཕྲལ་ཕུགས་ཀྱི་འབྲེལ་བར་སྤྱི་འདོམས་ཡག་པོ་བྱེད་པ། གེགས་རྗེས་བསྐྱར་སྐྲུན་བྱ་རྒྱུ་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་ནུས་ལྡན་བྱེད་པ། སྲིད་གཞུང་གིས་ཁྲིད་སྟོན་མཐའ་འཁྱོངས་བྱེད་པ། མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་བྱེད་པ། གེགས་རྗེས་བསྐྱར་སྐྲུན་གྱི་ལས་དོན་ཁག་ཏན་ཏིག་སྒྲུབ་པ། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོ་སྔར་ལས་ལེགས་པར་སྐོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ལས་ཀའི་མཉམ་ཤུགས་ཆགས་པར་བྱས་ཏེ་ཡོམ་འགོག་གེགས་སེལ་ལས་དོན་ལ་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱེད་དགོས། ཚན་རིག་དང་མཐུན་ལ་ནུས་ཆེའི་བཀོད་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཡོམ་འགོག་གེགས་སེལ་བཀོད་འདོམས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། འགན་འཁྲི་ཞིབ་ཚགས་སུ་གཏོང་བ་དང་། ལས་བགོས་ཁ་གསལ་བཟོ་བ། འཁོར་སྐྱོད་ནུས་ཆེ་ཡོང་བ་བཅས་བྱས་ནས་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་བཏོན་ཏེ། རིམ་ཁག་གཞི་རིམ་ཏང་རྩ་འཛུགས་ཀྱིས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི“སྙིང་ཉེ་བ”དང“སྲོག་ཤིང”ཡག་པོ་བྱེད་པ་དང་། ཏང་ཡོན་ལས་བྱེད་པས་ལྷག་བསམ་དང་བརྩེ་སེམས་ལ་བརྟེན་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་དཀའ་ངལ་དངོས་ཐག་གཅོད་བྱེད་པ། གནོད་འཚེ་ཕོག་པའི་མང་ཚོགས་ཀྱིས་རང་སྐྱོབ་དང་རོགས་རེས་བྱེད་རྒྱུར་ཁྲིད་སྟོན་དང་སྐུལ་སློང་བཅས་བྱས་ཏེ། ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་ཏང་དར་ལྷབ་ལྷུབ་ཏུ་གཡོ་ཐུབ་པར་བྱེད་དགོས། སྒྲིག་ཁྲིམས་ནན་པོ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་གཏོང་བ། ཡོམ་འགོག་གེགས་སེལ་ཁྲོད་འགན་མི་འཁུར་བ་དང་ལས་དོན་མི་སྒྲུབ་པའི་ལས་བྱེད་པར་ཐག་གཅོད་ནན་པོ་བྱེད་པ། དར་ཆ་གསལ་སྟོན་གྱིས་འགན་འཁུར་ཕོད་པའི་ལས་བྱེད་པར་འགན་འཁུར་དུ་བཅུག་པ་དང་འགན་འཁྲི་འཁུར་ཕོད་པའི་ལས་བྱེད་པར་འགན་འཁྲི་འཁུར་དུ་བཅུག་སྟེ། ཡོམ་འགོག་གེགས་སེལ་གྱི་ལས་དོན་ཁག་བདེ་བླག་ངང་སྤེལ་བའི་འགན་ལེན་བྱེད་དགོས། ཡོམ་འགོག་གེགས་སེལ་གྱི་དངོས་ཟོག་དང་མ་དངུལ་གཅིག་གྱུར་དོ་དམ་དང་། གཅིག་གྱུར་བེད་སྤྱོད། སྤྱི་འདོམས་ཞིབ་བཤེར་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། གནོད་འཚེ་ཕོག་པའི་མང་ཚོགས་ཚོས་སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་བཅས་ཚོར་ཐུབ་པར་བྱེད་དགོས། (དམ་ཆོས་དང་། སྐལ་མཆོག སྒྲོན་ལགས། བདེ་སྐྱིད་བཅས་ཀྱིས་སྒྱུར་ཞུས་བྱས)