《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年01月08日

ཞིང་ལས་དར། གྲོང་གསེབ་མཛེས། ཞིང་པ་ཕྱུག

—— ལྷོ་ཁ་གྲོང་ཁྱེར་གྱིས་ཞིང་ལས་དང་གྲོང་གསེབ་ཀྱི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་ཧུར་ཐག་བཏང་བ།

↑ འདི་ནི་ཞིང་ལས་ཆེད་ལས་ལག་རྩལ་པས་ལྷོ་ཁའི་ཞིང་ནང་དུ་འབྲུ་རིགས་ཐོན་འབབ་ལ་ཚོད་རྩིས་རྒྱག་བཞིན་པ།

← འདི་ནི་སྣ་དཀར་རྩེ་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ལག་རྩལ་པས་རྣམ་རྒྱལ་ཐང་གཟན་རྩྭའི་རྟེན་གཞིར་ལག་རྩལ་མཛུབ་ཁྲིད་བྱེད་བཞིན་པ།

ཐོན་ལས་དར་རྒྱས་བཏང་སྟེ། འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་བ།

རེ་བས་ཁེངས་པའི་ས་གཞིར་ལས་ལ་བརྩོན་པའི་ཞིང་པ་ཚོ་བྲེལ་འཚུབ་ཀྱིས་ཁེངས་པ་དང་། ཁོ་ཚོའི་ངོ་གདོང་ནས་ལོ་ལེགས་ཀྱི་འཛུམ་མདངས་འཕྱུར་བ་དང་མིག་ཟུང་ལས་སྤོབས་སེམས་དང་བློ་ཡིད་རབ་ཏུ་ཚིམ་པའི་རྣམ་པ་མངོན་པ་དེ་ནི་ལྷོ་ཁ་གྲོང་ཁྱེར་གྱི་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཀྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།

ད་ལོ་ཚུན། ལྷོ་ཁ་གྲོང་ཁྱེར་གྱིས་འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱེད་པའི་ཐད་ནུས་ཤུགས་ཡོད་རྒུ་བཏོན་ཞིང་། ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ལྷོ་ཁ་གྲོང་ཁྱེར་གྱིས་འབྲུ་རིགས་མུའུ་ཁྲི་70.62བཏབ་པའི་ནང་ནས་མུའུ་ཁྲི་50.76ཡོད་པ་རེད། སྟོན་བསྡུ་མུའུ་ཁྲི་87.84བྱས་ནས་ལེགས་སྒྲུབ་ཟིན་ཚད་100%ཟིན་པ་དང་། ཁྱོན་ས་བོན་སྤྱི་རྒྱ་ཁྲི་798.55དང་། ཞིང་སྨན་ཏུན་38.97 རྫས་ལུད་ཏུན་7605.55 ཞིང་པའི་ཁྱིམ་ལུད་ཏུན་ཁྲི་74བཅས་གྲབས་གསོག་བྱས་པ། མ་དངུལ་སྒོར་ཁྲི་2400བཏང་སྟེ་ནས་ཀྱི་ཚད་ལྡན་ཅན་རྟེན་གཞི་མུའུ་ཁྲི་13བསྐྲུན་པ། རང་སྐྱོང་ལྗོངས་རིམ་པའི་སོན་བཟང་གསོ་སྤེལ་རྟེན་གཞི་མུའུ་ཁྲི་1.47བསྐྲུན་པ་དང་གྲོང་ཁྱེར་རིམ་པས་རང་འགུལ་ངང་འབྲུ་རིགས་མིན་པའི་ཐོན་ཁུལ་གཙོ་བོའི་རྫོང་དུ་སོན་ཞིང་མུའུ་ཁྲི་0.253བསྐྲུན་པས་གྲོང་ཁྱེར་ཡོངས་སུ་སོན་བཟང་ཁྱབ་ཚད་94%ཟིན་ཡོད་པ་རེད།

མིག་སྔའི་བར། གྲོང་ཁྱེར་ཡོངས་སུ་གཞི་ཁྱོན་ཆེ་བའི་གསོ་ཚགས་ར་བ་ཁྱོན་42དང་། ལག་ཡོད་ཕྱུགས་རིགས་མགོ་གྲངས་ཁྲི་150.98 ལག་ཡོད་བྱ་རིགས་ཁྲི་120བཅས་ཡོད་པ་རེད། “སྲིད་གཞུང་གིས་ང་ཚོར་རྒྱབ་སྐྱོར་མང་པོ་གནང་ནས་ཕྱུགས་རིགས་ཀྱི་རྒྱུད་པ་ལེགས་བཅོས་ཐད་ཆེད་མངགས་ཁ་གསབ་མ་དངུལ་སྤྲད་ཡོད། ཉེ་བའི་ལོ་ཤས་རིང་། ང་ཚོའི་གསོ་ཚགས་ར་བའི་གཞི་ཁྱོན་ཇེ་ཆེར་ཕྱིན་པ་དང་ཕན་འབྲས་ཀྱང་སྔར་བས་ལེགས་སུ་ཕྱིན་ཡོད”ཅེས་སྣེ་གདོང་ཆུས་དཔལ་རོང་བཞོན་མ་གསོ་ཚགས་ར་བའི་འགན་འཁུར་བ་སྤེན་པས་བཤད།

ཁོར་ཡུག་ལེགས་བཅོས་བྱས་ཏེ།

མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་པ།

ལྷོ་ཁ་གྲོང་ཁྱེར་གྱི་གྲོང་འདབས་སུ་སྐྱོད་སྐབས་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རྣམ་པ་ཞིག་མིག་ལམ་དུ་འཆར་བཞིན་ཡོད། “དེ་སྔ་ཁོར་ཡུག་གཙང་མ་འདི་ལྟར་མེད། ད་ཆ་སྲིད་གཞུང་གིས་མ་དངུལ་བཏང་ནས་ང་ཚོར་གསང་སྤྱོད་སྒྱུར་བཀོད་བྱས་པ་དང་མི་ཕྱུགས་ལོགས་དབྱེ་ལས་ཁྱིམ་ཚང་གི་གཙང་སྦྲ་དོད་དུ་ཕྱིན་པ་མ་ཟད། གྲོང་ཚོ་ཡོངས་ཀྱི་གཙང་སྦྲ་ཡང་དོད་དུ་ཕྱིན་ཡོད”ཅེས་གྲོང་མི་དགའ་རྡོར་གྱིས་བཤད། ད་ལོ་ཚུན། ལྷོ་ཁ་གྲོང་ཁྱེར་གྱིས་དུད་ཚང་1628ཀྱི་གསང་སྤྱོད་སྒྱུར་བཀོད་བྱས་པ་དང་དུད་ཚང་9247གྱི་མི་ཕྱུགས་ལོགས་སུ་དབྱེ་བར་ལེགས་སྒྲུབ་ཐུབ་ཚད་113.7%ཟིན་ཡོད་པ་རེད།

ལྷོ་ཁ་གྲོང་ཁྱེར་གྱིས་ད་དུང་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། ང་ཚོས་ཁྲ་འབྲུག་གྲོང་རྡལ་ཁེ་སྨད་སྡེ་ཁུལ་གྱི་ཞིང་ཁ་ཆེན་པོ་ཞིག་ནས་ཞིང་ཁ་སྒྱུར་བཀོད་བྱེད་མཁན་ལས་བཟོ་བ་ཁྱུ་ཞིག་མཐོང་བྱུང་། “ཕྱི་ལོའི་ཐོན་སྐྱེད་ལ་ཤུགས་རྐྱེན་མི་ཐེབས་པའི་ཆེད། ང་ཚོས་ངེས་པར་དུ་ལས་ཀའི་མྱུར་ཚད་མགྱོགས་སུ་བཏང་ནས་ཞིང་ཁ་སྒྱུར་བཀོད་དུས་ཐོག་ཏུ་ལེགས་སྒྲུབ་ཐུབ་པར་འགན་ལེན་བྱེད་དགོས”ཞེས་འགན་འཁུར་བ་ཞིག་གིས་བཤད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ཚུན། ལྷོ་ཁ་གྲོང་ཁྱེར་གྱིས་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་4450འཛུགས་སྐྲུན་བྱས་པར་ལེགས་སྒྲུབ་ཐུབ་ཚད་19%ཟིན་པ་དང་། རིམ་རྩིས་བརྒྱབ་ན། ཞིང་ནང་ཆུ་བེད་ཆུང་གྲས་ཉམས་བཟོ་སྒྱུར་བཀོད་ཀྱི་མ་དངུལ་སྒོར་ཁྲི་4660དོན་འཁྱོལ་བྱས་པ། མི་ཐེངས་ཁྲི་4བཀོལ་སྤྱོད་བྱས་པར་གླ་ཆ་སྒོར་ཁྲི་4172.37སྤྲད་པ་རེད།

དམངས་འཚོར་འགན་ལེན་བྱས་ཏེ།

འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱས་པ།

ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་གཞི་ཁྱོན་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་གི་མཐའ་ཚད་བརྟན་སྲུང་བྱས་ནས། དབུལ་པོ་བསྐྱར་ལོག་སྔོན་འགོག་གི་ཆེད་དོན་རོགས་སྐྱོབ་མ་དངུལ་སྒོར་ཁྲི་2067གྲབས་གསོག་བྱས་པའི་ནང་མིག་སྔར་སྒོར་ཁྲི་183.9སྤྱད་ཟིན་པ་དང་། སྔ་རྗེས་སུ་དབུལ་པོ་བསྐྱར་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་གྱི་གཅིག་སྡུད་གྲལ་བཤེར་ལས་དོན་ཐེངས་3སྤེལ་བ། “མི་སྣ་རིགས་གསུམ”གྱི་ལྟ་ཞིབ་ཚད་ལེན་བྱ་ཡུལ་དུད་ཚང་43དང་མི་གྲངས་146དབྱེ་འབྱེད་གསར་པ་བྱས་པ། ཉེན་ཁ་ལྟ་ཞིབ་ཚད་ལེན་བྱ་ཡུལ་དུད་ཚང་32ཀྱི་མི་གྲངས་127ཉེན་ཁའི་གནས་ལས་སྒྲོལ་བར་བྱས་པ་རེད།

ད་ལོ་ཚུན། ལྷོ་ཁ་གྲོང་ཁྱེར་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་ཞིང་པའི་ཡོང་འབབ་མང་དུ་བཏང་བར་ཕན་འབྲས་བཟང་པོ་ཐོན་ཡོད། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་15317ཟིན་པ་དེ་དུས་མཚུངས་ལས་སྒོར་135འཕར་ནས་འཕར་ཚད་8%ཟིན་ཡོད་པ་རེད།

“ང་ཚོས་སྣ་མང་ཕུན་སུམ་ཚོགས་པའི་དྲིལ་བསྒྲགས་སྒྲོག་འགྲེལ་བྱེད་དོན་ནི་ཚང་མར་འཚོ་བའི་གོམས་གཤིས་བཟང་པོ་འཇགས་པ་དང་ཤེས་དཔལ་གྱི་སྲོལ་གསར་གཏོད་ཆེད་ཡིན”ཞེས་སྒྲོག་འགྲེལ་པ་སྒྲོལ་མས་བཤད། ད་ལོ་ཚུན། ལྷོ་ཁ་གྲོང་ཁྱེར་དུ“སྐར་གསོག་ལམ་ལུགས”སྤྱོད་མཁན་གྲོང་ཚོའི(གྲོང་ལྷན)གྲངས་འབོར་200ཟིན་པ་དང་མང་ཚོགས་ཀྱིས་སྐར་མ་བསགས་ནས་ཁྱོན་སྒོར་ཁྲི་6.2ལྷག་ཙམ་རི་བའི་དངོས་རྫས་བརྗེས་པ་དང་། ཞིང་འབྲོག་པའི“ངག་ཐོག་འཆད་ཁྲིད”དང་མཚན་མོའི་སློབ་གྲྭ་སོགས་ཀྱི་ལས་སྟེགས་གང་ལེགས་སྤྱད་དེ་དྲིལ་བསྒྲགས་སྒྲོག་འགྲེལ་བྱེད་སྒོ་ཐེངས་2103སྤེལ་བ་དེ་མི་ཐེངས་ཁྲི་12.4ལྷག་ཙམ་ལ་ཁྱབ་པ། ཡུལ་སྲོལ་དམངས་ཆིངས་ལག་བསྟར་ཨུ་ལྷན་571འཚོལ་ཞིབ་བྱས་ནས་བཙུགས་པ་མ་ཟད། རྫོང(ཆུས་དང་གྲོང་ཁྱེར)ཁག་གི་དྲ་འཕྲིན་ལས་སྟེགས་སྤྱད་དེ་མ་རབས་བྱེད་སྤྱོད་དམར་འདོན་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་འབྲོག་པའི་བསྡུར་སློབ་བསྙེགས་བརྒལ་གྱི་རྣམ་པ་ཟབ་མོ་ཞིག་སྔར་བས་བཏོད་ཡོད་པ་རེད།

ད་ལོ་ཚུན། ལྷོ་ཁ་གྲོང་ཁྱེར་གྱིས་ཚན་རྩལ་ལ་བརྟེན་ནས་གཞི་རིམ་དུ་ཞབས་འདེགས་ཞུ་ཚད་མང་དུ་བཏང་སྟེ། སྔ་རྗེས་སུ་ལག་རྩལ་པ་1004གཞི་རིམ་གྱི་འཐབ་ས་དང་པོར་ལས་དོན་སྤེལ་བར་འདེམས་གཏོང་བྱས་པས། ཞིང་ལས་ལག་རྩལ་ཞབས་ཞུ་ཁྱོན་ཡོངས་ལ་ཁྱབ་པ་དང་། ཞིང་སྨན་དང་རྫས་ལུད་སྤྱོད་ཚད་ཀྱི་ཚད་གཞི་རྒྱུན་འཁྱོངས་བྱུང་བ། ཞིང་ལས་སྐྱེ་དངོས་ཀྱི་སོག་མ་ཕྱོགས་བསྡུས་སྤྱོད་ཚད་95%ཟིན་པ། ཞིང་སྤྱོད་འགྱིག་ཤོག་སྲབ་མོ་ཚུར་བསྡུ་བྱེད་ཚད་89%ལྷག་ཙམ་ཟིན་པ། འདེབས་འཛུགས་ལས་རིགས་དར་རྒྱས་ཤུགས་ཆེན་བཏང་ནས་དགུན་གྲོ་མུའུ་15འདེབས་རྒྱ་ཆེ་རུ་བཏང་བ། ཕྱུགས་རིགས་མགོ་གྲངས་ཁྲི་445.3ལ་རིམས་འགོག་སྨན་ཁབ་བརྒྱབ་ཟིན་པ་དང་རིམས་འགོག་སྨན་ཁབ་བརྒྱབ་ཚད་99%ཡན་ཟིན་པ། བོད་ཀྱི་ཡར་ཀླུང་ཕྱུགས་རིགས་ཀྱི་རྒྱུད་པ་གསར་པ་གསོ་ཚགས་འདུ་འགོད་ལག་ལེན་བསྟར་ནས་གཞི་རྒྱུའི་གྲུབ་ཆའི་ཞིབ་དཔྱད་ཚད་ལེན་གྱི་ཡིག་ཚགས་བཟོས་པ། བོད་བྱའི་རྒྱུད་སྲུང་ལས་དོན་ཧུར་ཐག་སྤེལ་ནས་གསོ་ཚགས་ལྟེ་གནས་སུ་བོད་བྱའི་རྒྱུད་བཟང་ལག་ཡོད་བྱ་དེ་ཁྲི་1.3ལྷག་ཙམ་ཡོད་པ་རེད།

རེ་བས་ཁེངས་པའི་ཡར་ཀླུང་ས་གཞི་ཆེན་མོར་ཐོན་ལས་དར་རྒྱས་དང་། གྲོང་གསེབ་མཛེས་པ། ཞིང་པ་བདེ་ཞིང་སྐྱིད་པ་བཅས་ཀྱི་རྣམ་པ་རིམ་བཞིན་མངོན་ཞིང་། ཞིང་ལས་དང་གྲོང་གསེབ་ཀྱི་ལས་དོན་འཕེལ་རྒྱས་བརྟན་པོ་འགྲོ་བ་དང་ཆབས་ཅིག ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་གོམ་སྟབས་སྔར་བས་བརྟན་ལ་ནུས་པ་ལྡན་པ་ཞིག་སྤོ་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད།

(བདེ་སྐྱིད་ཀྱིས་བསྒྱུར། བསོད་བདེ་གཞོན་པས་ཞུས)