པར་འདི་གཉིས་ནི་ཟླ་1ཚེས་3ཉིན། བོད་ཀྱི“ཁྱད་ལྡན་གྱོན་ཆས་རྒྱུན་འཛིན”གྱི་རྒྱན་གོས་རིག་གནས་གཟའ་འཁོར་སྐབས་དང་པོའི་འགོ་ཚུགས་མཛད་སྒོར་རྒྱན་གོས་ངོམ་སྟོན་བྱེད་བཞིན་པ།
འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་4ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་གཙོ་གཉེར་བྱས་པའི་བོད་ཀྱི“ཁྱད་ལྡན་གྱོན་ཆས་རྒྱུན་འཛིན”གྱི་རྒྱན་གོས་རིག་གནས་གཟའ་འཁོར་སྐབས་དང་པོའི་བྱེད་སྒོ་བོད་ལྗོངས་ཟློས་གར་ཁང་ཆེན་དུ་གཉེར་འགོ་ཚུགས་པ་རེད།
ངོ་མཚར་ཆེ་བའི་རྒྱན་གོས་འགྲེམས་སྟོན་གྱིས་དེར་ཡོད་པའི་ལྟད་མོ་བར་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རྒྱན་གོས་ཀྱི་མཛེས་སྡུག་ལྡན་པའི་བཟོ་རྩལ་ལ་མྱོང་རོལ་ཐུབ་པ་དང་། ལོ་ངོ་སྟོང་རིང་གི་འགྱུར་བ་མེད་པའི་མི་རིགས་ཀྱི་སྙིང་སྟོབས་དང་རིག་གནས་ཀྱི་གདེང་ཚོད་དངོས་སུ་མྱོང་ཚོར་ཐུབ་པར་བྱས་ཡོད། ས་ཡུལ་དངོས་སུ་འགྲེམས་སྟོན་བྱས་པའི་རྒྱན་གོས་ཚང་མར་བཟོ་བོའི་བློ་གྲོས་དང་སྙིང་སྟོབས་འདུས་ཡོད་ཅིང་། དེའི་རྩེར་སོན་གྱི་བཟོ་རྩལ་དང་། ཐུན་མོང་མ་ཡིན་པའི་རི་མོ། བཀྲག་ཆེ་བའི་ཚོན་མདོག་བཅས་ཚང་མས་བོད་ཀྱི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་མངོན་ཡོད།
བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གི་ལས་དོན་པས། བྱེད་སྒོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས། རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་དང་དུས་རབས་གསར་པའི་རིག་གནས་ལས་འགན་གྱི་ལག་ལེན་གྱི་བླང་བྱ་དང་དམ་པོར་བསྟུན་ཏེ། བོད་ཀྱི་རྒྱན་གོས་ཀྱི་ལོ་རྒྱུས་དང་འགྱུར་ལྡོག་གི་བརྒྱུད་རིམ་འགྲེམས་སྟོན་དང་། བོད་ཀྱི་རྒྱན་གོས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་མངོན་པ། བོད་ཀྱི་རྒྱན་གོས་རིག་གནས་ཀྱི་རྩེར་སོན་ལས་གྲྭ་གཏོད་རྒྱུ་བཅས་རེད། ལས་སྟེགས་འདི་རིགས་བརྒྱུད། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་མི་རིགས་རིག་གནས་མང་ཚོགས་ཀྱི་མདུན་དུ་འགྲེམས་སྟོན་བྱས་ཏེ། བོད་ཀྱི་ཐུན་མིན་གྱི་འོད་སྟོང་འཕྲོ་བའི་རྒྱན་གོས་རིག་གནས་སྔོག་འདོན་དང་། སྲུང་སྐྱོང་། རྒྱུན་འཛིན་བཅས་གཏིང་ཟབ་ཐུབ་པའི་རེ་བ་ཡོད་ཅེས་བརྗོད་པ་རེད།