འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་ལྗོངས་རང་བྱུང་ཚན་རིག་རྟེན་མཛོད་ཁང་དང་ལན་ཀྲོའུ་སློབ་ཆེན་ཚེ་སྲོག་ཚན་རིག་ཁང་གཉིས་ལས་གྲུབ་པའི་རྣམ་གྲངས་ཚོགས་ཆུང་གིས་ལྷ་ས་གྲོང་ཁྱེར་དང་ཉིང་ཁྲི་གྲོང་ཁྱེར་སོ་སོར་བསྐྱོད་དེ། འཇོལ་མོ་མཆུ་རིང་གི་ཞིབ་འཇུག་བྱ་ཡུལ་འདེམས་པའི་ལས་དོན་སྤེལ་ཡོད། ས་གནས་ས་ཐོག་ཏུ་བརྟག་དཔྱད་བྱས་པ་བརྒྱུད། ས་ཁོངས་སུ་རིགས་ཁྱུའི་ཁྱབ་ཚུལ་ལ་བསྡུར་བ་བྱས་མཐར། ལྷ་སའི་ཤུག་གསེབ་དགོན་གཙོ་གནད་ཞིབ་འཇུག་བྱ་ཡུལ་དུ་གཏན་འཁེལ་བྱས་པ་རེད།
རྣམ་གྲངས་ཚོགས་ཆུང་གིས་དུས་འགོར་རང་སྐྱོང་ལྗོངས་དང་། རྫོང་ནགས་ལས་དང་རྩྭ་ཐང་ཅུས། ཤང(གྲོང་རྡལ)སྲིད་གཞུང་། སྤྱི་བདེ་ལས་ཁུངས་བཅས་ལ་སྙན་སེང་ཐོ་འགོད་ཧུར་ཐག་བྱས་པ་དང་། བྱ་རིགས་ཀྱི་སྒལ་པར་ངེས་གནས་འཕྲུལ་ཆས་GPSདང་། ཁྲག་གི་མ་དཔེ་ལེན་ཆས། དམར་ཕྱིའི་པར་ཆས་སོགས་བསྒར་བ་དང་། དེ་ལས་མཐོང་སྲིད་པའི་བྱ་རིགས་དང་། དེའི་གྲངས་འབོར། ཁྱབ་ཚུལ་བཅས་ལ་དམིགས་ནས། མ་དཔེ་ལེན་པའི་འཆར་གཞི་ཞིབ་ཕྲ་བཟོས་ཏེ། མ་དཔེ་ལེན་པའི་ལས་དོན་ཚན་རིག་དང་མཐུན་པ་དང་། བདེ་འཇགས་ལྡན་པ། ཕན་འབྲས་ཆེ་བ་བཅས་ཡོང་བར་འགན་ལེན་བྱས་ཡོད།
དེའི་རིང་། རྣམ་གྲངས་ཚོགས་ཆུང་ལ་འཇོལ་མོ་མཆུ་རིང་སོགས་བྱ་རིགས་10ཡི་མ་དཔེ་ཁྱོན་60བདེ་བླག་རྙེད་པར། དེ་དག་གི་གཟུགས་པོའི་ལྗིད་ཚད་དང་། རིང་ཚད། གཤོག་པའི་རིང་ཚད་སོགས་གཟུགས་གཞིའི་རིག་པའི་སྟོན་གྲངས་ལ་ཚད་འཇལ་བྱས་པ་མ་ཟད། ངེས་གནས་འཕྲུལ་ཆས་GPSབསྒར་བ་དང་ཁྲག་གི་མ་དཔེ་ལེན་པ་སོགས་ཀྱི་ལས་དོན་སྤེལ་བར། ལས་རིམ་ཧྲིལ་པོ་གནད་འཁེལ་དང་མྱུར་པོ་བྱུང་སྟེ། དུས་ཚོད་ཐུང་ངུའི་ནང་བྱ་རིགས་དེ་དག་གི་དྲག་སྐྱེད་གནས་ཚུལ་ཤེས་རྟོགས་དང་རང་བྱུང་ཁམས་སུ་ལོག་ཐུབ་པའི་འགན་ལེན་བྱས་ཡོད།
(ཚེ་དབང་ལྷ་མོས་བསྒྱུར། པ་སངས་ཚེ་རིང་གིས་ཞུས)