འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་4ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་བོད་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་2024ལོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཞིབ་དཔྱོད་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2024ལོར་བོད་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་ལེན་ཧུར་ཐག་བསྟར་བ་དང“ཞིབ་དཔྱོད་ཆེན་པོ་བཞི”མཉམ་སྒྲུབ་ཤུགས་འདོན་གྱིས་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ལ་ཞིབ་དཔྱོད་ལྟ་སྐུལ་གྱི་འགན་འཁྲི་ཁྲིམས་བཞིན་བསྒྲུབས་པས། རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཞིབ་དཔྱོད་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
(པར་ངོས་བཞི་པར་གཟིགས)2024ལོར་བོད་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁོར་ཡུག་ཐོན་ཁུངས་ལ་གཏོར་སྐྱོན་
བཏང་བའི་ཉེས་གསོག་གྱོད་གཞི་ཁག་30དང་མི་66ཞུ་གཏུག་བརྒྱབ་པ།
(པར་ངོས་དང་པོར་མཐུད)
རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ཞིབ་དཔྱོད་ཨུ་ལྷན་གྱི་ཆེད་བསྐོས་ཨུ་ཡོན་ཧྲེན་ཞའོ་ཏིང་གིས། 2024ལོར་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཉེས་དོན་ཞིབ་དཔྱོད་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས། སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་ལ་གཏོར་བཤིག་བཏང་བའི་ཉེས་གསོག་གྱོད་གཞི་ཁག་41དང་མི་109ལ་ཞུ་གཏུག་བདག་སྤྲོད་དང་ཞིབ་བཤེར་བྱས་པ་དང་། གྱོད་གཞི་ཁག་42དང་མི་96ལ་ཞིབ་གཅོད་མཇུག་སྒྲིལ་བ་དང་ཁྲིམས་ཐག་བཅད་པ། གྱོད་གཞི་ཁག་30དང་མི་66ལ་གཞུང་གཏུག་བརྒྱབ་པ། གྱོད་གཞི་ཁག་12དང་མི་30ལ་ཞུ་གཏུག་བརྒྱབ་མེད་པ་བཅས་རེད། གྱོད་གཞི་གཞུང་གཏུག་བྱེད་རིང་། ཁྲིམས་འགལ་ངང་སྐམ་ས་དང་རི་སྐྱེས་ཀྱི་སྲོག་ཆགས་ལྐོག་རྔོན་དང་། ཉོ་སྒྲུབ། དབོར་འདྲེན། ཕྱིར་ཚོང་བཅས་ཀྱི་དོགས་ཡོད་ཉེས་གསོག་གྱོད་གཞི་1དང་མི་1དང་། ཁྲིམས་འགལ་ངང་ཞིང་སྤྱོད་ས་ཆ་བཟུང་བའི་དོགས་ཡོད་ཉེས་གསོག་གྱོད་གཞི་ཁག་2དང་མི་3 ནགས་ཤིང་བརྐུས་པ་དང་བཅད་པའི་དོགས་ཡོད་ཉེས་གསོག་གྱོད་གཞི་ཁག་3དང་མི་གྲངས་3 རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་ལ་གནོད་འཚེ་བཏང་བའི་དོགས་ཡོད་ཉེས་གསོག་གྱོད་གཞི་4དང་མི་16 སྟོངས་ལ་ཉེ་བའི་རྩ་ཆེའི་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་བཏང་བའི་དོགས་ཡོད་ཉེས་གསོག་གྱོད་གཞི་ཁག་20དང་མི་43བཅས་ཡོད་པའི་ངོ་སྤྲོད་བྱས་ཡོད།
སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་སྲིད་འཛིན་ཞིབ་དཔྱོད་ལས་དོན་ཤུགས་ཆེན་བསྒྲུབས་པ། ས་ཆ་ཁྲིམས་སྒྱུར་ཞིབ་བཤེར་ཐག་གཅོད་ཁྱབ་ཁོངས་ཀྱི་བཙན་ཤེད་ལག་བསྟར་འདུན་ཞུ་ནར་འགྱངས་དང་ཚད་དང་མ་མཐུན་པའི་ལག་བསྟར་སོགས་ཀྱི་སྲིད་འཛིན་ཞུ་གཏུག་མིན་པའི་ལག་བསྟར་ལྟ་སྐུལ་གྱོད་གཞི་ཁག་9ཐག་གཅོད་བྱས་ཡོད།
སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ལས་དོན་ཤུགས་ཆེན་བསྒྲུབས་པ། 2024ལོར་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་སྤྱི་ཕན་གཏུག་བཤེར་གྱི་ཁུངས་སྣེ་542བསྡུས་ནས་གྱོད་གཞི་ཁག་479གྱོད་ཁོངས་སུ་བཅུག་པ་དང་། སྲིད་འཛིན་གྱི་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་གྲོས་འགོ་ཁག་178བཏོན་པའི་ཁྲོད་གྱོད་གཞི་ཁག་13ལ་སྤྱི་ཕན་ཞུ་གཏུག་བྱས་པ་དང་། གྱོད་གཞི་ཁག་3ལ་ཁྲིམས་ཁང་གིས་འདུམ་འགྲིག་བྱས་པ། གྱོད་གཞི་ཁག་7ལ་རྒྱབ་སྐྱོར་བྱ་རྒྱུའི་ཁྲིམས་ཐག་བཅད་པ། གྱོད་གཞི་ཁག་3བདག་སྤྲོད་བྱེད་བཞིན་ཡོད། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དང་ཆུ་བེད་ཐིང་དང་མཉམ་དུ“ཁྲིམས་འགལ་ངང་ཆུ་ལམ་གྱི་བྱེ་རྡོ་སྔོག་པར་ཆེད་དོན་བཅོས་སྒྲིག་བྱེད་པའི”བྱ་སྤྱོད་སྤེལ་ཏེ། བྱེ་རྡོ་ར་བ་50སྒོ་བརྒྱབ་ནས་འབྲེལ་ཡོད་གནད་དོན་ལ་དམིགས་ཏེ་འབྲེལ་ཡོད་སྡེ་ཚན་ལ་ཁྲིམས་བཞིན་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་ལྕག་སྐུལ་བཏང་ཡོད། ཆུའི་ཐོན་ཁུངས་སྲུང་སྐྱོང་གི་ཆེད་དོན་བྱེད་སྒོ་རྒྱུན་མཐུད་སྤེལ་ཞིང་། 2022ལོའི་ཟླ་བཅུ་གཉིས་པར་ཆེད་དོན་བྱེད་སྒོ་སྤེལ་ས་ནས་ད་བར། ཁུངས་སྣེ་ཁག་999མཐིལ་རྟོགས་གྲལ་བཤེར་བྱས་ནས་གྱོད་གཞི་ཁག་796གྱོད་ཁོངས་སུ་བཅུག་པ་དང་། ཆུ་ལམ་སྤྱི་ལེ་2073བཅོས་སྐྱོང་བྱས་ནས་ཆུ་རྒྱུད་ཀྱི་གད་སྙིགས་ཏུན་6230གཙང་སེལ་དང་། ཆུ་ནང་གི་གད་སྙིགས་སྦ་ཡུལ་5མེད་པར་བཟོས་པ། གཏོར་བཤིག་ཕོག་པའི་འདམ་ར་དང་རྩྭ་ར་རྒྱ་ཁྱོན་མུའུ་ཁྲི་3ལྷག་ཙམ་སླར་གསོ་བྱེད་དགོས་པའི་ལྕག་སྐུལ་བཏང་ཡོད།
(པ་སངས་ཚེ་རིང་གིས་བསྒྱུར། ཚེ་དབང་ལྷ་མོ་དང་པ་ཚེས་ཞུས)