《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年01月07日

ཉིང་ཁྲི་གྲོང་ཁྱེར་གྱིས།

ལས་སྟེགས་དང་ཐོན་ལས་ཟུང་སྦྲེལ་ཕྱོགས་གཉིས་ནས་དཔལ་འབྱོར་འཕེལ་རྒྱས་ལ་ནུས་པ་སྦྱིན་པ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་ཟླ་1ཚེས་4ཉིན་གློག་འཕྲིན་འབྱོར་གསལ། 2024ལོར། ཉིང་ཁྲི་གྲོང་ཁྱེར་གྱིས་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཐོན་ལས་ལས་སྟེགས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། ནུས་རྒྱུ་གཙང་མ་དང་། དེང་རབས་ཞིང་འབྲོག ཀྲུང་ལུགས་དང་བོད་ལུགས་གསོ་རིག་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཀྱི་འཕེལ་རྒྱས་ལམ་བུ་ཁྱོན་ཡོངས་ནས་གསར་འབྱེད་བྱས་ཏེ། གླིང་ཁུལ་དེའི་ནུས་རིམ་མཐོ་རུ་བཏང་བ་རེད།

ཉིང་ཁྲི་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་སྔོན་ལ་ཚོང་འགུགས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། ཐོན་ལས་ཀྱི་སྐུལ་ཁྲིད་ནུས་པ་ཆེ་བ་དང་། འབྲེལ་རྒྱ་ཆེ་བ། ཁྱབ་འགྱེད་ནུས་པ་ཆེ་བ་བཅས་ཀྱི་རྣམ་གྲངས་སྤུས་ལེགས་ཁག་གཅིག་ནང་འདྲེན་བྱས་པ་དང་། 2024ལོའི་ནང་ཚོང་འགུགས་ཚོགས་ཆེན་ཐེངས་མང་འཚོགས་པ་མ་ཟད། ད་དུང་ཚོང་འགུགས་ཡན་ལག་རུ་ཁག་ཆུང་གྲས་ཁག་ཐེངས་15ཕྱིར་མངགས་ནས། ཁེ་ལས་50ལྷག་ཙམ་དང་ཁ་གཏད་སྦྲེལ་མཐུད་དང་། ཉིང་ཁྲིར་རྟོག་ཞིབ་བྱེད་པར་ཡོང་མཁན་ཁེ་ལས་200ལྷག་ཙམ་ལ་སྣེ་ལེན་ཞུས་པར། སྒོར་དུང་ཕྱུར་1ཡན་གྱི་རྣམ་གྲངས་ཁག་5དོན་འཁྱོལ་བྱེད་པའི་གན་རྒྱ་བཞག་པ་རེད། 2024ལོའི་ཟླ་དང་པོ་ནས་བཅུ་པའི་བར། གླིང་ཁུལ་དེས་ཚོང་འགུགས་མ་འདྲེན་བྱས་པའི་རྣམ་གྲངས་ཁག་29(འཕྲོ་སྐྱོང་རྣམ་གྲངས་ཁག་19དང་རྣམ་གྲངས་གསར་པ་ཁག་10)ཟིན་པར་མ་དངུལ་སྒོར་དུང་ཕྱུར་19.18གནས་སར་འབྱོར་པ་དེ་ལོ་གོང་མའི་དུས་མཚུངས་ལས་20.18%འཕར་ནས། ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་གྱི་98.36%ལེགས་གྲུབ་བྱུང་ཡོད་པ་རེད།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) ཧྭ་ནེང་དང་འབྲི་ཆུའི་འགག་གསུམ་སོགས་དོན་འཁྱོལ་བྱས་ཟིན་པའི་ནུས་རྒྱུ་གཙང་མའི་སྣེ་ཁྲིད་ཁེ་ལས་ཀྱིས་ཉིང་ཁྲིའི་ཐོན་ལས་གཅིག་སྡུད་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད་ལ། འབྱུང་འགྱུར་གྱི་ཚོང་འགུགས་ལའང་ཐོན་ཁུངས་ཀྱི་ལེགས་ཆ་མཁོ་འདོན་བྱས་ཡོད།

སྲིད་གཞུང་གི་མ་འཇོག་རྣམ་གྲངས་ཁྲོད། ས་མཐོའི་སྐྱེ་དངོས་ཚན་རྩལ་ཐོན་ལས་གླིང་གི་ཚད་ལྡན་བཟོ་ཁང་སྟར་པ་6དང་རྩེར་སོན་བཟོ་ཁང་སྟར་པ་2བསྐྲུན་ནས་ཚོང་འགུགས་བྱས་པ་དང་། ཀྲུང་ལུགས་དང་བོད་ལུགས་གསོ་རིག་ཐོན་ལས་གླིང་དང་ཤེས་ལྡན་པའི་སྤྱི་ཤག་རྣམ་གྲངས་གཉིས་ཀ་50%བསྐྲུན་ཚར་བ། བགྲོད་ལམ་དུས་ཐེངས་དང་པོ་དང་གཉིས་པ་དང་། ས་འོག་ཏུ་མདོང་ལམ་འཇུག་པའི་རྣམ་གྲངས་ཁྱོན་ཡོངས་ནས་སྐྲུན་འགོ་ཚུགས་ཏེ། ད་བར་ལས་གྲྭའི་བསྡོམས་འབོར་གྱི་50%དང་། 40% 30%བཅས་སོ་སོར་བསྐྲུན་ཚར་ཡོད།

ཚོང་གཉེར་ཁོར་ཡུག་ལེགས་སུ་རྒྱུན་མཐུད་གཏོང་བ་ནི་ཉིང་ཁྲིའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ལས་སྟེགས་འཛུགས་སྐྲུན་གྱི“ལས་གྲྭ་ཨང་དང་པོ”རེད། དེར་དམིགས་ནས་ལོ་སྟོད་དུ་གླིང་ཁུལ་གྱིས“འགོ་བཙུགས་མ་ཐག་གྲུབ་འབྲས་ཐོབ་པ”དང“ཉིན་50རིང་འབད་འཐབ་བྱས་ཏེ་ལོ་སྟོད་ཀྱི་དམིགས་ཚད་མངོན་འགྱུར་ཐུབ་རེ་བྱེད་པ”སོགས་བྱེད་ཐབས་འགའ་ཞིག་ཁྱབ་གདལ་བཏང་བ་དང་། ལོ་སྨད་དུ“1+1+N”གྱི་བྱེད་ཐབས་འགའ་ཞིག་ལག་བསྟར་གྱིས་སྒོ་རྩར་ཞབས་ཞུའི་ཁེ་ལས་ཀྱི་ཆེད་དོན་བྱ་སྤྱོད་དང་བྱེད་སྒོ་མང་པོ་སྤེལ་ནས། ཁེ་ལས་ཀྱི་འཕེལ་རྒྱས་ཀྱི་དགོས་མཁོ་དང་རེ་སྒུག་གི་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཡོད།

(དམ་ཆོས་མི་ཕམ་གྱིས་བསྒྱུར། བསོད་ནམས་བདེ་སྐྱིད་ཆེ་བས་ཞུས)