《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年01月05日

༄༅། །དུས་བཞིའི་དབྱངས་རྟ།

སྨྱུག་ཞེན།

དཔྱིད་ཀྱི་ལེའུ།

དྲོད་འཇམ་ཉི་གཞོན་སེར་པོ། །

ཤར་རིའི་རྩེ་ནས་ཤར་སོང་། །

དཔྱིད་དཔལ་བསུ་བའི་གྲེ་བ། །

མཐོན་པོའི་རི་ནས་གྲགས་སོང་། །

ས་ལ་རྩི་བཅུད་རྒྱས་ལེ། །

གནམ་ལ་སྤྲིན་དཀར་འཁོར་ལེ། །

དཔྱིད་ཀྱི་སྦྲང་ཆར་ཟམ་ཟིམ། །

སྙིང་གི་སྤང་ཁར་བབས་སོང་། །

དགུང་གི་མཚམས་སྤྲིན་ཡག་ལེ། །

ཐང་གི་ནོར་ལུག་མཛེས་ལེ། །

རྩི་ཤིང་སྣ་བརྒྱའི་མགོ་ལྕོག །

ལྡེམ་པའི་རྣམ་འགྱུར་ཡག་སོང་། །

དཔྱིད་ཀྱི་བུ་མོས་སྦྲུམ་པའི། །

ཕྱེ་ལེབ་གཤོག་སྒྲ་ལྡེམ་ལྡེམ། །

མེ་ཏོག་འདབ་མ་ཤིག་ཤིག །

ཨ་ཆེན་སྤང་ལ་བཞད་ཡོད། །

དབྱར་གྱི་ལེའུ།

མེ་ཏོག་འདབ་མ་རྒོད་ལེ། །

འདབ་མས་མེ་ཏོག་བརྒྱན་ལེ། །

དབྱར་གྱི་སྤང་གཞུང་དེ་ན། །

ཞིམ་པའི་དྲི་བསུང་ལྷང་ལྷང་། །

ཁུ་བྱུག་གསུང་སྐད་སྙན་ལེ། །

རྐང་དྲུག་གཤོག་སྒྲ་དིར་དིར། །

དབྱར་གཞུང་སྐྱེད་མོས་ཚལ་ན། །

སྙན་པའི་གསུང་སྐད་འཁྲོལ་ལེ། །

སྤྲིན་ནག་དལ་གྱིས་འདུས་པས། །

འབྲུག་ཆུང་མཁའ་ནས་གྲགས་ལེ། །

ནོར་ཁྱུའི་རྗེས་ཤུལ་དེད་པའི། །

འབྲོག་མོ་སྙིང་ལ་རྗེ་ལེ། །

ཟིམ་ཟིམ་ཆར་པའི་ཁྲོད་ཀྱི། །

བྱེའུ་ཆུང་སྙིང་དུ་སྡུག་ལེ། །

ཆར་ཤུལ་འཇའ་ཚོན་རི་མོ། །

ཁྲ་ཆུང་མིག་ལ་མཛེས་ལེ། །

སྟོན་གྱི་ལེའུ།

དམར་སེར་ཉི་འོད་དྲོན་མོ། །

ནུབ་རིའི་རྩེ་ནས་ཡལ་སོང་། །

ཁ་ཆར་བུ་ཡུག་འཚུབ་མ། །

ཤར་རིའི་རྩེ་ནས་ལྡང་བྱུང་། །

སྐར་མས་ཕྲ་རྒྱན་བཏབ་པའི། །

དྭངས་གསལ་ནམ་མཁའི་དབུས་སུ། །

སྟོན་ཟླ་དགྱེས་པའི་འཛུམ་ཆུང་། །

སྙིང་སྡུག་ལས་ཀྱང་མཛེས་སོང་། །

ནམ་ཟླ་སྟོན་ཁ་ཚེས་པས། །

འབྲུ་དྲུག་སྙེ་མ་ཡག་ལེ།

ཁྲུང་ཁྲུང་ལྷོ་རུ་བཞུད་པས། །

སྟངས་ཀ་དེ་ལས་ཡག་སོང་། །

ནམ་ཟླའི་འགྱུར་བག་རྒོད་པོས། །

མེ་ཏོག་སད་ཀྱིས་བཅོམ་སོང་། །

འདབ་མར་སེར་ཀ་ཤོར་ཞིང་། །

རླུང་བུས་རྒྱང་དུ་བཏེགས་སོང་། །

དགུན་གྱི་ལེའུ།

རི་ལུང་གྲང་གིས་གཙེས་པས། །

ཆུ་མོ་འཁྱག་གིས་བསྡམས་སོང་། །

རྒྱང་བཞུད་དབྱར་གྱི་བུ་མོ། །

དྲན་པའི་སྤང་དུ་བཞད་སོང་། །

ས་གཞི་ཁ་བས་བརྒྱན་དུས། །

ལག་ཟུང་ཙག་གིས་གཙེས་བྱུང་། །

དྲོད་འཇམ་ཉི་མ་སེར་པོ། །

བཀའ་དྲིན་ཆེ་བ་དྲན་བྱུང་། །

གྲང་རླུང་ཡུན་གྱིས་ལྡང་བས། །

མཚོ་མོ་དར་གྱིས་བཏུམས་སོང་། །

ང་དང་གསེར་མིག་ཉ་མོ། །

གཡང་ཊིའི་མལ་དུ་འཛོམས་སོང་། །

དགུན་གཞུང་རིང་སོང་མ་གསུངས། །

ཕ་མ་སྤུན་མཆེད་འཛོམས་སོང་། །

དགུན་ཟླའི་གྲང་ངར་མེད་ན། །

དྲོད་ཀྱི་རིན་ཐང་མི་ཤེས། །