མཛེས་མཛེས་གསེར་གྱི་འཛིན་མ་རུ། །
འདབ་དཀར་མེ་ཏོག་བཞད་དུས་དེར། །
མིག་ཟུང་གཤོག་དྲུག་གཞོན་ནུ་ཡིས། །
ཡིད་འོང་དགའ་སྟོན་ངོམ་ལ་བྲེལ། །
དྭངས་གསལ་དབྱིངས་ཀྱི་མེ་ལོང་ངོས། །
སྤྲིན་དཀར་ལང་ལོང་འཁྱུད་པ་ཡིས། །
འཇམ་མཉེན་མདངས་ལྡན་ཁ་བ་དེས། །
ནོར་འཛིན་སྒེག་མོར་ཅི་ཡང་བརྒྱན། །
ཡིད་ངོར་མཛེས་པའི་ལྕུག་ཕྲན་དང་། །
ཚང་ཚིང་ནགས་ཀྱི་ལྗོན་པ་སོགས། །
ཚ་གདུག་དྲོད་ཀྱིས་མ་བཟོད་པས། །
རབ་དཀར་རྨོག་ཞྭ་གྱོན་པར་བྲེལ། །
ཁ་བ་དགུང་སྔོན་ཉི་ཟླའི་ཆབ། །
དལ་དལ་རླུང་བུས་དེད་པ་ཡིས། །
སྤྲིན་པའི་གསེབ་ནས་ཉིལ་ལི་ལི། །
ཡངས་པའི་འཛིན་མར་ལྷབ་ལྷུབ་འཇོ། །
ཁ་བ་བཀྲ་ཤིས་རྟགས་བཟང་པོ། །
བརྗིད་ཆགས་གངས་ཀྱི་རྒྱན་དུ་རོལ། །
ནག་ནོག་མ་འདྲེས་དཀར་ཞིང་མཛེས། །
མཛེས་སྡུག་སྟོང་གི་མཆོག་ཏུ་གྱུར། །
དཔྱིད་དཔལ་བསུ་བའི་དུས་བཟང་ལ། །
དཀར་འཇམ་ཚ་རུའི་མདངས་ལྡན་པའི། །
ཁ་བ་བརླན་གྱི་བདག་ཉིད་དེས། །
རྩི་ཤིང་སྣ་ཚོགས་གཉིད་ལས་བསླངས། །