《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年01月05日

༄༅། །བརྩེ་སེམས་ཡིད་ཀྱི་མགུར་ཆུང་།

སྙན་རྐང་གླིང་།

ཕན་ཚུན་ཡིད་སེམས་དེ་མཐུན་ཞིང་། །

གཅིག་སེམས་གཅིག་གཏད་ཀྱིས་འགྲོགས་ཤིང་། །

དགའ་བའི་འཛུམ་མདངས་དང་ལྷན་དུ། །

འཚོ་བ་གསར་པར་རོལ་ནས་ཡོད། །

ན་ཆུང་གཞོན་དུས་ཀྱི་བརྩེ་དུང་། །

དཀར་གསལ་ཟླ་ངོགས་ཀྱི་གཟུགས་བྱད། །

ལག་པས་འཛིན་རྒྱུ་ཞིག་མེད་ཀྱང་། །

སྙིང་གི་འཕར་ལྡིང་དང་བསྟུན་ཡོད། །

རྒྱང་རིང་ཟླ་བ་ཡི་ཞལ་རས། །

སེམས་ལ་དྲན་པ་ནི་མང་ཡང་། །

མངོན་སུམ་མཇལ་རྒྱུ་ཞིག་མེད་པས། །

དྲན་པའི་ན་ཟུག་འདི་ལྕི་སོང་། །

འཛུམ་དཀར་ཞལ་རས་ཀྱི་ངོས་ལ། །

དྲན་པའི་བ་མོ་རང་བབས་བྱུང་། །

བརྗོད་འདོད་སེམས་ཁོང་གི་སྐད་ཆ། །

བྲིས་ནས་ཁྲུང་ཁྲུང་ལ་བསྐུར་ཡོད། །

མཚམས་སྤྲིན་དམར་སེར་གྱི་བུ་མོ། །

ནུབ་ཁའི་རི་རྩེ་ནས་བཞུད་དུས། །

རྒྱང་རིང་ཟླ་བ་ཡི་འཛུམ་ཞལ། །

དྲན་པའི་རྩིག་ལྡེབས་སུ་ཤར་བྱུང་། །

དགོང་མོའི་མཚམས་སྤྲིན་ལ་བལྟས་ཏེ། །

སྣང་བ་རྒྱང་རིང་ལ་བསྲིངས་པས། །

དྲན་གདུང་ཡིད་སེམས་ཀྱི་མདའ་མོ། །

ཡང་ཡང་ཁྱེད་ཕྱོགས་སུ་ཤོར་སོང་། །

རང་སེམས་ཤོར་བ་ཡི་མཛའ་མོ། །

ཞལ་རས་འཆར་བ་དེ་མང་ཞིང་། །

སྙིང་གཏམ་བཤད་འཕྲོ་དེ་ལུས་པས། །

དྲན་གདུང་རི་རབ་ལས་ལྕི་བ། །

སྙིང་ཉེ་དྲན་པ་འདི་མང་བས། །

སྙིང་རླུང་སྟོད་ཕྱོགས་ལ་འཚང་སོང་། །

འཕྲད་པའི་དུས་སྐབས་ཤིག་མེད་ཚེ། །

རང་སེམས་ཁོ་ཐག་ནི་ཆོད་ངེས། །

དྲན་པས་རང་སེམས་འདི་བཟི་བས། །

གཞན་དང་སུ་ལ་ཡང་མ་བཤད། །

རང་གི་དྲན་པ་ཡི་ཚོར་སྣང་། །

སྙན་ངག་ཁེར་བུ་ལ་བཅོལ་ཡོད། །