དཔྱིད།
སྦྲང་ཆར་ཟིལ་མའི་རྡོག་སྒྲ་ཤག་ཤག་ཤག །
ནོར་འཛིན་བུ་མོའི་བཞིན་རས་སྔོ་ལྗང་ལྗང་། །
འཁྱག་རོམ་རྒྱ་ལས་གྲོལ་བའི་ཉལ་འགྲོ་མས། །
དཔྱིད་ཀྱི་དགེ་མཚན་ཁྱེར་ནས་གང་སར་བྲོས། །
དབྱར།
ཁུ་བྱུག་སྔོན་མོའི་མགྲིན་གླུ་སྙན་ལྷང་ལྷང་། །
མེ་ཏོག་སྣ་བརྒྱའི་མགོ་ལྕོག་ལྡེམ་ཤིག་ཤིག །
ལུག་རྫི་བུ་མོའི་གླུ་སྐད་གང་སར་འཕུར། །
ཨེ་མ་དབྱར་གྱི་དགའ་སྟོན་སྐྱིད་པ་ལ། །
སྟོན།
གསེར་གྱི་ཞིང་ས་གྲུ་བཞིར་ལོ་ཏོག་སྨིན། །
ཞིང་པ་རྒན་པོའི་གདོང་ནས་འཛུམ་ཆུང་གྲོལ། །
སྟོན་ལོ་ཤག་ཤག་འཐོར་བའི་དབྱངས་རྟ་དང་། །
ཁྲུང་ཁྲུང་ལྷོ་རུ་འཕུར་བའི་ནམ་དུས་མཚར། །
དགུན།
ནོར་འཛིན་བུ་མོ་ཁ་བས་གཡོགས་དང་གཅིག །
གཙང་ཆབ་སྔོན་མོ་འཁྱག་གིས་བསྡམས་དང་གཉིས། །
འདབ་ཆགས་ཚང་དུ་དལ་གྱིས་ལོག་དང་གསུམ། །
དགུན་གྱི་དུས་ཚིགས་དྲན་དུས་གྲང་ཅང་ཅང་། །