《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年01月03日

2024ལོའི་རྒྱལ་སྤྱིའི་ལུས་རྩལ་པ་རྩེ་གྲ་བཅུ་བདམས་པ།

ཨ་མན་ཏེ·ཏུའུ་ཕུའུ་ལན་ཏི་སི། (སུའེ་ཏེན། སྐྱེས་པ། ལོ་25 མཆོང་རྒྱུག་འཕེན་གསུམ) 2024ལོར་ཏུའུ་ཕུའུ་ལན་ཏི་སི་ཡིས་2024ལོའི་ཟླ་4པའི་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཕ་ལམ་རིམ་མཚུངས་མཉམ་འགྲན་གྱི་ཞ་མོན་ས་ཚིགས་དང་། 2024ལོའི་ཟླ་8པའི་ཟླ་སྟོད་ཀྱི་ཕ་རི་སི་ཨོ་རྩལ་འགྲན་ཚོགས། 2024ལོའི་ཟླ་8པའི་ཟླ་མཇུག་གི་ཕ་ལམ་རིམ་མཚུངས་མཉམ་འགྲན་གྱི་ཕོ་ལན་ཞི་ལི་ཞི་ཡ་ས་ཚིགས་བཅས་ཀྱི་འགྲན་བསྡུར་ནང་སྐྱེས་པའི་རྒྱུག་བཀན་མཐོ་མཆོང་གི་འཛམ་གླིང་ཟིན་ཐོ་ཐེངས་གསུམ་བཏོད་ནས་ཨང་དང་པོ་བླངས་ཡོད། 2020ལོར་འཛམ་གླིང་ཟིན་ཐོ་ཐོག་མར་བཏོད་པ་ནས་བཟུང་ཁོང་གིས་རྣམ་གྲངས་དེའི་འཛམ་གླིང་ཟིན་ཐོ་ཐེངས་10བཏོད་ཡོད། འདི་ནི་2024ལོའི་ཟླ་8ཚེས་5ཉིན་སུའེ་ཏེན་གྱི་བདམས་ཐོན་པ་ཏུའུ་ཕུའུ་ལན་ཏི་སི་ཡིས་ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་སྐྱེས་པའི་རྒྱུག་བཀན་མཐོ་མཆོང་གི་མཐའ་བསྡུར་ནང་ཞུགས་་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུང་ཡན་ཧྭ་ཡིས་པར་བླངས།

ཀྲེན་ཆིན་ཝུན། (ཀྲུང་གོ བུད་མེད། ལོ་22 དྲ་བའི་སྤོ་ལོ) ཀྲེན་ཆིན་ཝུན་གྱིས་ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཀྱི་ཝང་ཆིའུ་སྤོ་ལོའི་བུད་མེད་རྐྱང་རྒྱག་གི་ཨང་དང་པོ་བླངས་ནས་ཨོ་རྩལ་འགྲན་ཚོགས་ཀྱི་ཝང་ཆིའུ་སྤོ་ལོའི་རྐྱང་རྒྱག་གི་ཨང་དང་པོ་ཐོབ་པའི་ཨེ་ཤེ་ཡའི་སྤོ་ལོ་རྒྱག་མཁན་ཐོག་མར་གྱུར་ཡོད། ཁོང་ལ་ཨོ་སི་ཁྲུ་ལི་ཡའི་དྲ་བའི་སྤོ་ལོའི་ཡོངས་བསྒྲགས་འགྲན་བསྡུར་ནང་ཨང་གཉིས་པ་ཐོབ་ནས་མི་སྒེར་གྱི་བྱ་དགའ་ཀུན་ཐོབ་འགྲན་བསྡུར་གྱི་གྲུབ་འབྲས་ཡག་ཤོས་བཏོད་ཡོད། ཁོང་ལ་ད་དུང་ཝུའུ་ཧན་དྲ་བའི་ལོའི་ཡོངས་བསྒྲགས་འགྲན་བསྡུར་དང་བུད་མེད་ཀྱི་དྲ་བའི་སྤོ་ལོའི་བདམས་ཐོན་པའི་མཐུན་ཚོགས(WTA)ལོ་མཇུག་གི་མཐའ་བསྡུར་གྱི་ཨང་གཉིས་པ་ཐོབ་ཡོད། WTAལོ་མཇུག་གི་དཔྱད་འདེམས་ནང་ཀྲེན་ཆིན་ཝུན་ལ་2024ལོའི་འགྲན་དུས་ཀྱི་སྤོ་ལོ་དབྱིངས་པ་ཚོས་དགའ་བསུ་མང་ཤོས་ཐོབ་པའི་རྐྱང་རྒྱག་སྤོ་ལོ་རྒྱག་མཁན་གྱི་བྱ་དགའ་དང་འགྲན་བསྡུར་250ཡི་དུས་སྐབས་ཡག་ཤོས་ཀྱི་བྱ་དགའ་ཐོབ་ཡོད། འདི་ནི་2024ལོའི་ཟླ་8ཚེས་3ཉིན་ཨང་དང་པོ་ཐོབ་མཁན་ཀྲེན་ཆིན་ཝུན་གྱིས་ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཀྱི་དྲ་བའི་སྤོ་ལོའི་བུད་མེད་རྐྱང་རྒྱག་འགྲན་བསྡུར་གྱི་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་རྟེན་འབྲེལ་ཞུ་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་དབན་ཤང་གིས་པར་བླངས།

ནུའོ་ཝ་ཁེ·ཅའོ་ཁོ་ཝེ་ཆི། (སེར་པི་ཡ། སྐྱེས་པ། ལོ་37 དྲ་བའི་སྤོ་ལོ) ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་ལ་ཐེངས་ལྔ་ཞུགས་མྱོང་བའི་ཅའོ་ཁོ་ཝེ་ཆི་ཡིས་ཕ་རི་སི་ནས་སེར་པི་ཡར་ཨོ་རྩལ་འགྲན་ཚོགས་ཀྱི་དྲ་བའི་སྤོ་ལོའི་གསེར་གྱི་རྟགས་མ་ཐོག་མ་དེ་བླངས་པ་དང་བྱ་དགའ་ཀུན་ཐོབ་འགྲན་བསྡུར་གྱི་ཨང་དང་པོའི་བྱ་དགའ་24རག་རྗེས“བྱ་དགའ་ཀུན་ཐོབ་ཡག་ཤོས”མངོན་འགྱུར་བྱུང་བ་སྟེ། བྱ་དགའ་ཀུན་ཐོབ་འགྲན་བསྡུར་ཆེན་པོ་བཞིའི་ཨང་དང་པོ་དང་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོབ་ཡོད། 2024ལོའི་ཟླ་བཞི་པར་ཅའོ་ཁོ་ཝེ་ཆིར་ལའོ་ལུན་སིའི་སྐྱེས་པའི་ལུས་རྩལ་པ་རྩེ་གྲའི་བྱ་དགའ་ཐེངས་ལྔ་ཐོབ་ཡོད། ཟླ་6པར་ཁོང་ལ་ཧྥ་རན་སེའི་དྲ་བའི་སྤོ་ལོའི་ཡོངས་བསྒྲགས་འགྲན་བསྡུར་གྱི་བྱ་དགའ་ཀུན་ཐོབ་ཀྱི་འགྲན་བསྡུར་ནང་རྒྱལ་ཁ་ཐེངས་370པ་དེ་ཐོབ་པ་དང་ལོ་རྒྱུས་ཐོག་གི་ཨང་དང་པོར་གྱུར་ཡོད། འདི་ནི་2024ལོའི་ཟླ་8ཚེས་4ཉིན་ཨང་དང་པོ་ཐོབ་མཁན་ཅའོ་ཁོ་ཝེ་ཆི་ཡིས་ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཀྱི་དྲ་བའི་སྤོ་ལོའི་སྐྱེས་པའི་རྐྱང་རྒྱག་འགན་བསྡུར་གྱི་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་རྟེན་འབྲེལ་ཞུ་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀའོ་ཅིང་གིས་པར་བླངས།

ལའེ་ཨང·མར་ཧྲང། (ཧྥ་རན་སེ། སྐྱེས་པ། ལོ་22 ཆུ་རྐྱལ) མར་ཧྲང་གིས་ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཐོག་སྐྱེས་པའི་སྨི་200ཡི་སྦལ་རྐྱལ་དང་། སྨི་200ཡི་ཕྱེ་ལེབ་རྐྱལ། སྨི་200ཡི་མི་སྒེར་གྱི་མཉམ་བསྲེས་རྐྱལ། སྨི་400ཡི་མི་སྒེར་གྱི་མཉམ་བསྲེས་རྐྱལ་བཅས་ཀྱི་ཨང་དང་པོ་བཞི་བླངས་པ་མ་ཟད། ཨོ་རྩལ་འགྲན་ཚོགས་ཀྱི་ཟིན་ཐོ་ཐེངས་བཞི་གཏོད་ཡོད། དེ་རྗེས་ཁོང་གིས་ད་དུང་ས་ཚིགས་མང་པོའི་རྫིང་བུ་ཐུང་བའི་ཆུ་རྐྱལ་གྱི་འཛམ་གླིང་བུམ་པའི་འགྲན་བསྡུར་ནང་གསེར་གྱི་རྟགས་མ་དགུ་བླངས་ཡོད། འདི་ནི་2024ལོའི་ཟླ་8ཚེས་11ཉིན་ཧྥ་རན་སེའི་ཆུ་རྐྱལ་ལུས་རྩལ་པ་མར་ཧྲང་གིས་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་མཇུག་འགྲིལ་མཛད་སྒོའི་ཐོག་བྱ་དགའ་ལེན་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཚའོ་ཚན་གྱིས་པར་བླངས།

ཝེ་ཉི་ཤིའུ་སི·རུའུ་ཉི་ཨོར། (པར་ཙིར། སྐྱེས་པ། ལོ་24 རྐང་རྩེད་སྤོ་ལོ) སེ་ཕེན་གྱི་ཀ་པ་རིམ་པའི་རིམ་མཚུངས་འགྲན་བསྡུར་གྱི་གོང་མ་ཚང་མ་ཏེ་ལི་རུ་ཁག་གི་པར་ཙིར་གྱི་མདུན་རུ་ཝེ་ཉི་ཤིའུ་སིར་2024ལོའི་ཟླ་12པར་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་འཁོར་གྱི་སྐྱེས་པའི་རྐང་རྩེད་སྤོ་ལོའི་སྤོ་ལོ་རྒྱག་མཁན་རྩེ་གྲར་བདམས་པས། ཁོང་བྱ་དགའ་དེ་ཐོབ་པའི“00ནང་སྐྱེས”ཀྱི་སྤོ་ལོ་རྒྱག་མཁན་ཐོག་མར་གྱུར་ཡོད། ཝེ་ཉི་ཤིའུ་སི་ཡིས་2023ལོ་ནས་2024ལོའི་འགྲན་དུས་ཀྱི་སྤོ་ལོའི་སྤྲོ་སྐྱིད་ཁང་གི་འགྲན་བསྡུར་ཐེངས་39ཡི་ཁྲོད་སྤོ་ལོ་24བླུགས་ནས་གོང་མ་ཚང་རུ་ཁག་ལ་ཡོ་རོབ་ཀྱི་ཨང་དང་པོའི་རིམ་མཚུངས་མཉམ་འགྲན་གྱི་ཨང་དང་པོ་དང་སི་ཕེན་གྱི་ཀ་པ་རིམ་པའི་རིམ་མཚུངས་མཉམ་འགྲན་གྱི་ཨང་དང་པོ་ལེན་པར་ནུས་ཤུགས་ཚད་མེད་བཏོན་ཡོད། ཁོང་ད་དུང་ཡོ་རོབ་ཀྱི་ཨང་དང་པོའི་རིམ་མཚུངས་མཉམ་འགྲན་གྱི་སྤོ་ལོ་རྒྱག་མཁན་རྩེ་གྲར་བདམས་པ་མ་ཟད། ཡོ་རོབ་ཀྱི་ཨང་དང་པོའི་རིམ་མཚུངས་མཉམ་འགྲན་གྱི་སྤོ་ལོ་རྒྱག་མཁན་ཡག་ཤོས་ཀྱི་དཔུང་རུའི་ནང་བདམས་ཡོད། འདི་ནི་2024ལོའི་ཟླ་12ཚེས་18ཉིན་2024ལོའི་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་ཀྲོའུ་ཅི་བུམ་པའི་འགྲན་བསྡུར་གྱི་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་གོང་མ་ཚང་མ་ཏེ་རིའི་སྤོ་ལོ་རྒྱག་མཁན་ཝེ་ཉི་ཤིའུ་སི་ཀྲོའུ་ཅི་བུམ་པའི་འགྲན་བསྡུར་གྱི་སྤོ་ལོ་རྒྱག་མཁན་རྩེ་གྲར་བདམས་པས་ཁོང་གིས་བྱ་དགའ་ལེན་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ། (ཉི་ཁུ་ཡིས་པར་བླངས)