《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月21日

ཞི་ཅིན་ཕིང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་དགའ་བསུ་ཞུ་བའི་དགོང་མོའི་གསོལ་སྟོན་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ།

ཟླ་12ཚེས་19ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་དགའ་བསུ་ཞུ་བའི་དགོང་མོའི་གསོལ་སྟོན་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་བཞིན་པ།

ཤིན་ཧྭ་གསར་འགྱུར་ཁང་ཨའོ་མོན་ནས་ཟླ་12ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་དགའ་བསུ་ཞུ་བའི་དགོང་མོའི་གསོལ་སྟོན་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་ཞིང་། ཞི་ཅིན་ཕིང་གིས་འདས་ཟིན་པའི་ལོ་5ནི་ཨའོ་མོན་གྱི་ལོ་རྒྱུས་ཐོག་སྤྱིར་བཏང་གཏན་ནས་མིན་པའི་ལོ་5ཞིག་རེད། འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འབྱུང་བཞིན་ཡོད་པ་དང་དུས་རབས་ནད་ཡམས་ཀྱི་ཚོད་བགམ་དྲག་པོའི་མདུན་དུ་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་སྐབས་ལྔ་པས་ཨའོ་མོན་གྱི་སྤྱི་ཚོགས་ལས་རིགས་ཁག་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་དམ་པ་དོན་གཉེར་གྱིས་དཔལ་འབྱོར་རྒྱུན་མཐུད་ལེགས་ཕྱོགས་སུ་འཕེལ་བར་སྐུལ་འདེད་བཏང་བས། བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་རྒྱས་ཕྱིན་ཏེ་ཨའོ་མོན་གྱི་ཁྱད་ཆོས་ལྡན་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་གྲུབ་འབྲས་ཐོབ་པའི་ལག་ལེན་གྱི་ལེའུ་གསར་རྐྱང་ཞིག་བརྩམས་ཡོད་ཅེས་གསུངས་པ་རེད།

ཨའོ་མོན་ཨེ་ཤེ་ཡ་ཤར་མའི་ལུས་རྩལ་འགྲན་ཚོགས་ལུས་རྩལ་ཁང་གི་གསོལ་སྟོན་ཁང་དུ་དགའ་སྤྲོའི་རྣམ་པ་ཟབ་ཅིང་འཁྲུག་ཆ་ཧ་ཅང་དོད། ཆུ་ཚོད་18ཙམ་ལ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཧོ་དབྱི་ཁྲེང་དང་སྐུ་ཟླ་ཀྲེང་སུའུ་ཀྲེན་གྱི་ཕེབས་རོགས་འོག ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་ཚོམས་ཆེན་དུ་ཕེབས་སྐབས་ཚོགས་ར་ཡོངས་ཀྱི་མི་རྣམས་ཡར་ལངས་ནས་དགའ་བསུ་ཞུས་པ་རེད།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)

སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་སྤྲོ་སེམས་རབ་ཏུ་འཁོལ་བའི་གསུང་བཤད་གནང་ཞིང་། ཁོང་གིས་དང་ཐོག་ཀྲུང་དབྱང་སྲིད་གཞུང་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ནས། ཨའོ་མོན་གྱི་གྲོང་མི་ཡོངས་དང་ཨའོ་མོན་གྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་སྤྱིའི་མཛའ་གྲོགས་མི་སྣར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་རེད།

ཞི་ཅིན་ཕིང་གིས་གསུངས་དོན། འདས་ཟིན་པའི་ལོ་5ཡི་ནང་། ཨའོ་མོན་གྱི་དཔལ་འབྱོར་འོས་འཚམ་དང་སྣ་མང་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་། དམངས་འཚོའི་བདེ་རྩའི་ཆུ་ཚད་སྐས་རིམ་གསར་པར་སླེབས་པ། རྒྱལ་གཅེས་ཨའོ་གཅེས་ཀྱི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་རྨང་གཞི་ཉིན་བཞིན་བརྟན་དུ་ཕྱིན་པ། རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་དང་སྐད་གྲགས་ཆོད་ཚད་མཐོ་རུ་ཆེས་ཆེར་ཕྱིན་ཡོད། ལོ་5ཡི་ནང་། ཨའོ་མོན་གྱི་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དེ་ནི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་ཕྱོགས་ཡོངས་དང་གནད་ལ་འཁེལ་པོས་ལག་བསྟར་དང་། ཀྲུང་དབྱང་སྲིད་གཞུང་དང་མེས་རྒྱལ་ནང་སའི་རྒྱབ་སྐྱོར་ཤུགས་ཆེན། རྒྱལ་སྤྱིའི་སྤྱི་ཚོགས་ཧུར་ཐག་ཞུགས་པ། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་སྤྱི་ཚོགས་ལས་རིགས་ཁག་ལ་མཐུན་སྒྲིལ་འབད་འཐབ་བྱས་པ་བཅས་ལས་བྱུང་བ་ཞིག་རེད།

ཞི་ཅིན་ཕིང་གིས་གསུངས་དོན། ཨའོ་མོན་ལ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ཐུན་མོང་མ་ཡིན་པའི་ལེགས་ཆ་ལྡན་པས། འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་བཏིང་ཟིན་ཡོད། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ཤར་རླུང་དྲག་པོར་བརྟེན་ན། འཕེལ་རྒྱས་དེ་བས་ལེགས་པ་ཡོང་བར་ཆ་རྐྱེན་དང་ནུས་པ་རྦད་དེ་ལྡན་ཡོད།

ཞི་ཅིན་ཕིང་གིས་ཨའོ་མོན་ལ་རེ་བ་ཁག་གསུམ་བཏོན་གནང་བ་སྟེ། གཅིག་ནི་མཐོ་སར་འཛེགས་ནས་རྒྱང་ལ་བལྟས་ཏེ་ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་ཀྱི་ཁུག་ཆེན་ཁུལ་འཛུགས་སྐྲུན་སོགས་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་དང་སྔར་བས་ཧུར་བརྩོན་དང་རང་འགུལ་ངང་སྦྲེལ་མཐུད་བྱས་ནས། རྒྱལ་སྤྱིའི་གར་སྟེགས་ཐོག་བྱས་རྗེས་དེ་བས་ཆེ་བ་འཇོག་དགོས་པ་དང་། གཉིས་ནི་ཆུ་བོ་ཐམས་ཅད་འབབ་ས་རྒྱ་མཚོ་ཡིན་པས། རྒྱལ་གཅེས་ཨའོ་གཅེས་ཀྱི་དར་ཆའི་འོག དེ་བས་སྒོ་དབྱེ་བསྟུན་མཁས་དང་། མཐུན་སྒྲིལ་ནུས་འདུ། གནམ་འོག་གི་མཛངས་མི་བསྡུ་ལེན་རྒྱ་ཁྱབ་བཅས་བྱས་ནས། མཛེས་སྡུག་ལྡན་པའི་ཨའོ་མོན་མཉམ་དུ་སྐྲུན་དགོས་པ། གསུམ་ནི་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ཏེ། སྤོབས་པ་དེ་བས་ཆེ་བ་མངོན་དགོས་ཤིང་། སྒྱུར་བཅོས་དང་གསར་གཏོད་བྱེད་ཕོད་པ་བྱས་ཏེ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་ལུགས་ཀྱི་ལེགས་ཆ་དེ་བས་ལེགས་པར་བཏོན་ནས། ཨའོ་མོན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས་པ་བཅས་རེད།

ཞི་ཅིན་ཕིང་གིས་གསུངས་དོན། རླབས་ཆེན་མེས་རྒྱལ་གྱི་སྲ་ཞིང་བརྟན་པའི་རྒྱབ་རྟེན་འོག ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱིས་ཡང་འབད་བསྐྱར་འབད་དང་འབད་འབུངས་ཡར་བརྩོན་བྱས་ནས། མཆོང་སྐྱོད་གསར་པ་མངོན་འགྱུར་དང་འོད་སྟོང་གསར་པ་གཏོད་ཐུབ་ངེས་རེད།

ཧོ་དབྱི་ཁྲེང་གིས་ཤིས་ཚིག་སྒྲོན་སྐབས་གསུངས་དོན། ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25འཁོར་བའི་མཚམས་འདིར། ཀྲུའུ་ཞི་ཞི་ཅིན་ཕིང་སླར་ཡང་ཨའོ་མོན་དུ་ཕེབས་པ་དེ་ནི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་དོན་ཆེན་དང་བཀྲ་ཤིས་པའི་བྱ་བ་ཞིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨའོ་མོན་ལ་བརྩེ་སེམས་ཟབ་མོ་བཅངས་པ་དང་ཐུགས་ཁུར་ཟབ་བཞེས་གནང་བས། སྤུན་ཟླ་ཨའོ་མོན་བར་སྐུལ་ལྕག་ཆེན་པོ་ཐེབས་པ་དང་གཟི་བརྗིད་ཆེ་བའི་ཚོར་སྣང་ཡང་ཟབ་མོ་བྱུང་ཡོད། མེས་རྒྱལ་ཁྱིམ་ཚང་ཆེན་པོའི་ཁོངས་མི་ཞིག་ཡིན་པའི་ཨའོ་མོན་གྱིས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་འགན་འཁྲི་གསར་པ་འཁུར་བ་དང་བྱས་རྗེས་གསར་པ་བཞག་ནས། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་གྱི་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་དང་ཀྲུང་དབྱང་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག སྐབས་དྲུག་པའི་སྲིད་འཛིན་དཔོན་སྐུ་ཞབས་ཚེན་ཧའོ་ཧུའེ་ཡིས་སྐབས་གསར་པའི་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གི་སྣེ་ཁྲིད་དེ། ཨའོ་མོན་གྱི་ཁྱད་ཆོས་ལྡན་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་གྱི་ལེའུ་གསར་པ་རྩོམ་ཐུབ་ངེས་ཡིན་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད།

ཚའེ་ཆི་དང་། ལི་ཧུང་ཀྲུང་། ཧོ་ཝུའེ་ཏུང་། ཧོ་ལི་ཧྥུང་། ཝང་ཞའོ་ཧུང་། ཝང་ཏུང་ཧྥུང་། ཤཱ་པའོ་ལུང་སོགས་དགའ་བསུ་ཞུ་བའི་དགོང་མོའི་གསོལ་སྟོན་ལ་ཞུགས་པ་རེད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཧོའུ་ཧྭ་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་བསྐོ་སྒུག་སྲིད་འཛིན་དཔོན་ཚེན་ཧའོ་ཧུའེ་དང་སྲིད་འཛིན་དཔོན་ཟུར་པ་ཚུའེ་ཧྲི་ཨན། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་དཔོན་རིགས་གཙོ་བོ་དང་ཨའོ་མོན་ལས་རིགས་ཁག་གི་འཐུས་མི་སོགས་ཀྱང་དགོང་མོའི་གསོལ་སྟོན་ལ་ཞུགས་པ་རེད།

(ཉི་དོན་དང་བདེ་དབང་གིས་སྒྱུར་ཞུས་བྱས)