《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月21日

ཨའོ་མོན་གྱི་ཁྱད་ཆོས་ལྡན་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལག་ལེན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།

ལོ་25ཡི་གོང་གི་དེ་རིང་རྔམ་བརྗིད་ལྡན་པའི《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》ཀྱི་འགྱུར་ཁུག་དང་བསྟུན་ནས་སྐར་ལྔའི་དར་དམར་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁུལ་དར་དལ་གྱིས་བསྒྲེངས་ཤིང་། དྲག་ཆར་དང་རླུང་འཚུབ་བརྒྱུད་མྱོང་བའི་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ཡོད། དུས་དེ་ནས་བཟུང་ཨའོ་མོན་གྱི་ལོ་རྒྱུས་ཀྱི་དུས་རབས་གསར་པ་འགོ་ཚུགས་ཤིང་། ལོ་རྒྱུས་ཐོག་འཕེལ་རྒྱས་འགྲོ་མགྱོགས་ཤོས་དང་། སྤུས་ཚད་མཐོ་ཤོས། གྲོང་མིའི་ཐོབ་སྣང་དང་སྐྱིད་སྣང་ཆེ་ཤོས་བཅས་ཀྱི་དུས་སྐབས་བསུས་ཡོད། མེས་རྒྱལ་ནང་ས་དང་མཉམ་དུ་འཕེལ་རྒྱས་དང་དར་རྒྱས་ཀྱི་ལམ་བུའི་ཐོག་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱས་ཡོད།

མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25ཡི་རིང་ཨའོ་མོན་གྱི་ཁྱད་ཆོས་ལྡན་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལག་ལེན་བསྟར་བར་འཛམ་གླིང་ཀུན་གྱིས་ཁས་ལེན་པའི་གྲུབ་འབྲས་ཐོབ་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་ཐུན་མོང་མ་ཡིན་པའི་ཉམས་འགྱུར་མངོན་ཡོད། རྩ་ཁྲིམས་དང་ཨའོ་མོན་གྱི་གཞི་རྩའི་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྩ་ཁྲིམས་ཀྱི་སྒྲིག་ལམ་བརྟན་པོ་བཙུགས་པ་དང་། ཨའོ་མོན་གྱི་བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་རྒྱས་ཕྱིན་པ། རྒྱལ་སྤྱིའི་ཐོག་གི་ཤུགས་རྐྱེན་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ལྷག་པར་དུ་འདས་ཟིན་པའི་ལོ་5ཡི་རིང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་སྤྱི་ཚོགས་ཀྱི་ལས་རིགས་ཁག་དང་རྒྱ་ཆེའི་གྲོང་མིར་མཐུན་སྒྲིལ་གྱིས་མཉམ་དུ་འབད་འབུངས་དང་། དཀའ་ངལ་བསུ་བཞིན་མདུན་སྐྱོད། དམ་པ་དོན་གཉེར་བཅས་བྱས་ནས་ཨའོ་མོན་གྱི་བྱ་གཞག་ཁག་སྐས་རིམ་གསར་པར་སླེབས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། 2023ལོར་ས་གནས་དེ་གའི་ཐོན་སྐྱེད་ཀྱི་རིན་ཐང་བསྡོམས་འབོར་དངོས་སུ་འཕར་ཚད་80.5%ཟིན་པ་དང་། 2024ལོའི་སློབ་གསོ་དང་། འཕྲོད་བསྟེན། སྤྱི་ཚོགས་འགན་བཅོལ། སྡོད་ཁང་། སྤྱི་ཚོགས་དང་ཁུལ་ཆུང་གི་ཞབས་ཞུ་སོགས་ཀྱི་སྔོན་རྩིས་ཀྱིས་སྤྱིའི་སྔོན་རྩིས་གཏོང་སྒོའི་ཁྲོད་བཟུང་བའི་བསྡུར་ཚད་44.8%ཟིན་པ། ལོ་རྒྱུས་ཐོག་གི་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྣ་མང་འཕེལ་རྒྱས་ཀྱི་འཆར་གཞི་ཐོག་མ་བཀོད་པ་དང་དཔལ་འབྱོར་འོས་འཚམ་དང་སྣ་མང་གི་གཙོ་གནད་ཐོན་ལས་ཀྱིས་དཔལ་འབྱོར་སྤྱི་ཡོངས་ཁྲོད་བཟུང་བའི་བསྡུར་ཚད་རིམ་བཞིན་འཕར་བ། ཧེང་ཆིན་གཡོད་ཨའོ་མཉམ་ལས་གཏིང་ཟབ་ཁུལ་འཛུགས་སྐྲུན་བྱས་པར་གྲུབ་འབྲས་གསར་པ་ཐོབ་པ། རྒྱལ་གཅེས་ཨའོ་གཅེས་ཀྱི་ལྟེ་བའི་རིན་ཐང་ཉིན་རེ་བཞིན་མི་སེམས་སུ་གཏིང་ཟབ་ཟུག་ཡོད། ད་ཆ་ཨའོ་མོན་གྱི“བསྐལ་བཟང་པད་མ”དེ་བས་མཛེས་སྡུག་ལྡན་པར་གྱུར་ཡོད།

ཀྲུའུ་ཞི་ཞི་ཅིན་ཕིང་གིས“ལོ་5ཡི་རིང་ཨའོ་མོན་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དེ། ‘རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས’ཀྱི་མཛད་ཕྱོགས་ཕྱོགས་ཡོངས་དང་གནད་ལ་འཁེལ་པོས་ལག་བསྟར་བྱས་པ་ལས་བྱུང་བ་དང་། ཀྲུང་དབྱང་སྲིད་གཞུང་དང་མེས་རྒྱལ་ནང་སས་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་ལས་བྱུང་བ། རྒྱལ་སྤྱིའི་སྤྱི་ཚོགས་ཧུར་ཐག་ཞུགས་པ་ལས་བྱུང་བ་བཅས་རེད། དེ་ནི་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་སྤྱི་ཚོགས་ལས་རིགས་ཁག་ལ་མཐུན་སྒྲིལ་དང་རང་ཉིད་ཀྱིས་འབད་བརྩོན་བྱས་པ་ལས་བྱུང་བ་ཞིག་རེད”ཅེས་བསྟན་གནང་བ་རེད། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ནི་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་དང་ཨའོ་མོན་གྱི་རྩ་བའི་ཁེ་ཕན་དང་མཐུན་པའི་ལམ་ལུགས་ཡག་པོ་ཞིག་ཡིན་པ་ལག་ལེན་ཐོག་ནས་ར་སྤྲོད་གང་ལེགས་བྱུང་ཡོད། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ཚེ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་གསོན་ཤུགས་དང་ཁྱད་འཕགས་རང་བཞིན་གང་ལེགས་མངོན་ཐུབ། འབྱུང་འགྱུར་ལ་ཕྱོགས་སྐབས་ཀྲུང་དབྱང་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཨའོ་མོན་བས་ཨའོ་མོན་སྐྱོང་བ” ཚད་མཐོའི་རང་སྐྱོང་བཅས་ཀྱི་མཛད་ཕྱོགས་མུ་མཐུད་ཕྱོགས་ཡོངས་དང་། གནད་ལ་འཁེལ་པོ། བློ་བརྟན་འགྱུར་མེད་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ་འགྱུར་ལྡོག་མི་འགྲོ་བ་དང་ངོ་བོ་མི་འགྱུར་བའི་འགན་ལེན་བྱེད་དགོས།

“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་རྩ་བའི་དམིགས་ཡུལ་ནི་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱེད་ཆེད་དང་ཤང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་བརྟན་ལྷིང་ཡོང་བར་བྱེད་ཆེད་རེད། ལོ་25ཡི་རིང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་རྩ་དོན་གྱི་བླང་བྱ་དང་ཨའོ་མོན་གྱི་དོན་དངོས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་འཚོལ་ཞིབ་དང་གསར་གཏོད་བྱེད་ཕོད་པར་བྱས་ཏེ། ཨའོ་མོན་གྱི་ཁྱད་ཆོས་ལྡན་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལག་ལེན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་ཡོད།

ལོ་25ཡི་རིང་རྒྱལ་ཁབ་ཀྱིས་ཨའོ་མོན་འདི་ཉིད་སྙིང་ནོར་ལྟ་བུར་བརྩིས་ནས་ཐོག་མཐའ་བར་གསུམ་དུ་ཨའོ་མོན་གྱི་དར་རྒྱས་དང་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པའི་ཆེས་འགྱུར་མེད་སྟོབས་ལྡན་གྱི་རྒྱབ་རྟེན་དང་ཨའོ་མོན་འཕེལ་རྒྱས་འགྲོ་བར་ཐོག་མཐའ་བར་གསུམ་དུ་གོ་སྐབས་ཆེ་ཤོས་མཁོ་འདོན་བྱས་ཡོད། (པར་ངོས་གསུམ་པར་གཟིགས)(པར་ངོས་གཉིས་པར་མཐུད)

ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་ཤིང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་ལུགས་ཀྱི་ལེགས་ཆ་བཏོན་ཏེ་རྒྱལ་ཁབ་ཀྱིས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རིང་ཤང་ཀང་དང་ཨའོ་མོན་གྱི་ནུས་པ་དེ་བས་ལེགས་པ་འདོན་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པའི་ནན་བཤད་བྱས་ཡོད། དེས་ཨའོ་མོན་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནང་མཉམ་འདྲེས་དང་རང་ངོས་འཕེལ་རྒྱས་དེ་བས་ལེགས་པ་འགྲོ་བར་ཁ་ཕྱོགས་གསལ་སྟོན་དང་ལོ་རྒྱུས་ཀྱི་གོ་སྐབས་གསར་པ་མཁོ་འདོན་བྱས་ཡོད། རྒྱལ་ཁབ་ཀྱི་འཐབ་ཇུས་དང་སྦྲེལ་མཐུད་ཧུར་ཐག་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་གྱི་གོ་སྐབས་ལ་སྟངས་འཛིན་ཡག་པོ་བྱས་ནས། ཧེང་ཆིན་གཡོད་ཨའོ་མཉམ་ལས་གཏིང་ཟབ་ཁུལ་འཛུགས་སྐྲུན་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་། རང་ངོས་ཀྱི་ལེགས་ཆ་དེ་བས་ལེགས་པ་འདོན་སྤེལ། འགྲན་རྩོད་ཀྱི་ལེགས་ཆ་ཆེ་རུ་གཏོང་བ། དཔལ་འབྱོར་གྱི་གྲུབ་ཆ་སོགས་ལ་ལྷག་པའི་གནད་དོན་ལ་ཁ་གཏད་ཧུར་ཐག་གཅོག་པ། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་མཉམ་འདྲེས་ཁྲོད་རང་ངོས་འཕེལ་རྒྱས་དེ་བས་ལེགས་པ་ཡོང་བ་བཅས་བྱས་ཚེ། ཨའོ་མོན་གྱིས་མེས་རྒྱལ་ནང་ས་དང་མཉམ་དུ་དར་རྒྱས་དང་མཉམ་དུ་འབད་འཐབ་བྱེད་པའི་འོད་སྟོང་འཕྲོ་བའི་ལེའུ་མུ་མཐུད་རྩོམ་ཐུབ་ངེས་རེད།

དུས་རབས་གསར་པའི་རྒྱལ་ཁབ་ཀྱི་སྒྱུར་བཅོས་སྒོ་དབྱེའི་འཕེལ་རིམ་ཁྲོད་དུ། ཨའོ་མོན་ལ་སྔར་བཞིན་དམིགས་བསལ་གྱི་གནས་བབ་དང་ཐུན་མོང་མ་ཡིན་པའི་ལེགས་ཆ་ལྡན་སྟབས། གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་སྔར་བཞིན་འདོན་ཐུབ། ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་མེས་རྒྱལ་ནང་སའི་རྒྱབ་སྐྱོར་ཤུགས་ཆེན་འོག དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་སྤྱི་ཚོགས་ལས་རིགས་ཁག་ལ་མཐུན་སྒྲིལ་བྱས་ནས། སེམས་མཐུན་སྟོབས་སྒྲིལ་དང་། གཞུང་འཁྱོངས་གསར་འབྱེད། ཐེག་ཁུར་ཡར་བརྩོན། བྱེད་མཁས་ལ་རྗེས་ཐོན་པ་བཅས་བྱས་ཚེ། ཨའོ་མོན་གྱི་ཁྱད་ཆོས་ལྡན་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལག་ལེན་བསྟར་བར་གྲུབ་འབྲས་དེ་བས་ཆེན་པོ་ཐོབ་ངེས་རེད་ལ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་ཨའོ་མོན་གྱིས་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཐུབ་ངེས་རེད།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་19ཉིན་འབྱོར་བའི་གློག་འཕྲིན་གཞིར་བཟུང)

(སྤེན་པ་ཚེ་རིང་དང་པ་སངས་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)